
ཟླ4པའི་ཚེས17ཉིན། དཔེ་ཀློག་གིས་རྨ་འབྲི་རྫ་གསུམ་འབྱུང་ཡུལ་བརླན་པར་བྱེད་པ་དང་དུས་རབས་གསར་པར་དཔེ་ཀློག་མཉམ་སྤྱོད་བྱེད་ཅེས་པ་བརྗོད་དོན་ཡིན་པའི་མཚོ་སྔོན་ཞིང་ཆེན་གྱི2026ལོའི་དམངས་ཡོངས་དཔེ་ཀློག་ཚོགས་ཆེན་མཚོ་སྔོན་མི་རིགས་སློབ་ཆེན་དུ་བསྡུས། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་ཝང་ཏ་ནན་ཚོགས་ཆེན་ལ་ཞུགས་པར་མ་ཟད་ཤིས་ཚིག་ཕུལ།
ཚོགས་ཆེན་ལས་ཞི་ཅིན་ཕིང་གི་རིག་གནས་དགོངས་པ་སློབ་སྦྱོང་དང་ལག་བསྟར་ཟབ་མོ་བྱས་པ་དང་། དམངས་ཡོངས་དཔེ་ཀློག་ལ་སྐུལ་འདེད་གཏོང་བའི་སྲོལ་ཡིག་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་པར་མ་ཟད། དཔེ་ཀློག་མཚོ་སྔོན་འཛུགས་སྐྲུན་གྲུབ་འབྲས་རྒྱུན་མཐུད་ངང་སྲ་བརྟན་དུ་བཏང་ཞིང་། གསུང་རབ་ཀློག་པ་དང་རིག་རྩལ་འཁྲབ་སྟོན་སོགས་ཀྱི་བྱེད་ཐབས་བརྒྱུད་དེ་དཔེ་ཀློག་ལ་དགའ་བ་དང་དཔེ་དེབ་བཟང་བོ་ཀློག་པ། དཔེ་དེབ་ཀློག་ཤེས་པ་བཅས་ཀྱི་སྣང་ཚུལ་བཟང་བོ་བསྐྲུན།
ཉེ་བའི་ལོ་འགའི་རིང་། རང་ཞིང་གིས་ཁྲིམས་སྐྱོང་སྣེ་ཁྲིད་དང་གཡུལ་སའི་སྤུས་འདེགས། ཟོང་རྟགས་ནུས་སྤྲོད། སྤྱི་ཚོགས་མཐུན་སྦྱོར་བཅས་རྒྱུན་འཁྱོངས་བྱས་པ་དང་། ཤུགས་ཆེན་པོས་མཁར་གྲོང་དུ་ཁེབས་པ་དང་ཀུན་ཕན་མཉམ་སྤྱོད། མཐོ་སྒང་གི་ཁྱད་ཆོས་ལྡན་པ་བཅས་ཀྱི་དམངས་ཡོངས་དཔེ་ཀློག་ཞབས་ཞུའི་མ་ལག་བསྐྲུན་ཏེ་དཔེ་ཀློག་སྤྱི་ཚོགས་འཛུགས་སྐྲུན་ཐད་གྲུབ་འབྲས་མངོན་གསལ་བླངས། 2025ལོར་རང་ཞིང་གིས་དཔེ་ཀློག་བྱེད་སྒོ་སྣ་ཚོགས་ཐེངས་སུམ་སྟོང་ལྷག་སྤེལ་ཏེ་མང་ཚོགས་མི་ཐེངས་ས་ཡ་གཅིག་དང་ཁྲི་དགུ་ལ་ཁེབས་པར་བྱས་པ་དང་། དམངས་ཡོངས་དཔེ་ཀློག་ཁྱབ་སྤེལ་ལྟེ་གནས་རེ་གཉིས་འཛུགས་སྐྲུན་བྱས་ཏེ། གྲོང་ཁྱེར་དང་ཁུལ་ཡོངས་ལ་ཁེབས་པ་དང་། བརྒྱ་ཆའི་གོ་ལྔའི་ཡན་གྱི་རྫོང་དང་གྲོང་ཁྱེར། ཆུས་བཅས་ལ་ནུས་ཡོད་སྒོས་ཁེབས་པ་མངོན་འགྱུར་བྱས། རྟ་རྒྱབ་ཀྱི་དཔེ་སྐྱེལ་རུ་ཁག་སོགས་ཁྱད་ལྡན་སྐོར་སྐྱོད་ཞབས་ཞུས་རྒྱུན་མཐུད་ངང་བྱེད་ནུས་འདོན་སྤེལ་བྱས་ནས་གཞི་གྲངས་དཔེ་ཀློག་སྟབས་བདེ་ཀུན་ཕན་ཡོང་བར་བྱས་པ་དང་། དཔེ་ཀློག་གིས་རྨ་འབྲི་རྫ་གསུམ་འབྱུང་ཡུལ་བརླན་པར་བྱེད་པའི་ཟོང་རྟགས་ཀྱི་ཤུགས་རྐྱེན་རྒྱུན་ཆད་མེད་པར་མཐོར་འདེགས་བཏང་བར་མ་ཟད། གསར་འགྱུར་དཔེ་སྐྲུན་གྱི་སྤུས་ལེགས་བརྩམས་ཆོས་མཁོ་སྤྲོད་དང་གཞི་རིམ་དཔེ་ཀློག་ཞབས་ཞུའི་སྤུས་ཚད་དང་ཕན་འབྲས་རྒྱུན་མཐུད་ངང་མཐོར་འདེགས་ཡོང་བར་བྱས།
ཚོགས་ཆེན་གྱི་ཡུལ་དངོས་སུ་དམངས་ཡོངས་དཔེ་ཀློག་གི་ཕུལ་བྱུང་ལས་གཞི་བཅུ་དང་དམངས་ཡོངས་དཔེ་ཀློག་གི་གཙོ་གཉེར་པ་བརྒྱ་དང་བརྒྱད་ཁྱབ་བསྒྲགས་བྱས། རང་ཞིང་གིས་ཚོགས་ཆེན་དེ་འགོ་རྩོམ་ས་གསར་པར་བྱས་ཏེ་རྒྱུན་ཆད་མེད་པར་དཔེ་ཀློག་བྱེད་སྒོ་རབ་དང་རིམ་པ་སྤེལ་རྒྱུ་ཡིན་པ་དང་། ཞབས་ཞུའི་འདོན་སྤྲོད་ལེགས་སྒྱུར་དང་བྱེད་སྒོའི་འདེགས་སྐྱོར་གསར་གཏོད། ཡུན་ཕན་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ། དམངས་ཡོངས་དཔེ་ཀློག་གི་སྣང་ཚུལ་བཟང་བོ་ཆགས་པར་སྐུལ་འདེད་གཏོང་བ་བཅས་བྱས་ནས་རིག་གནས་ཀྱི་ཞིང་ཆེན་སྟོབས་ལྡན་འཛུགས་སྐྲུན་ཐད་བསམ་པའི་སྒུལ་ཤུགས་ཆེན་པོ་འདོན་སྤྲོད་བྱེད་རྒྱུ་རེད།
ལྷ་མོ་ཚེ་རིང་གིས་བསྒྱུར།