གྲངས་འཛིན་ཀྲུང་གོ་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྒུལ་ཤུགས་གསར་པ་བཏོད།
ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསྟན་དོན། རྒྱུན་ཆད་མེད་པར་གྲངས་འཛིན་ལག་རྩལ་དང་དངོས་ཕུང་དཔལ་འབྱོར་མཉམ་འདྲེས་ཟབ་མོ་ཡོང་བར་སྐུལ་འདེད་གཏོང་དགོས་ལ།  གྲངས་འཛིན་ཐོན་ལས་ཅན་དང་ཐོན་ལས་གྲངས་འཛིན་ཅན་དུ་འགྱུར་བར་མཉམ་དུ་སྐུལ་འདེད་བཏང་ནས། དྲ་རྒྱའི་སྟོབས་ལྡན་རྒྱལ་ཁབ་དང་གྲངས་འཛིན་ཀྲུང་གོ་མྱུར་དུ་འཛུགས་སྐྲུན་བྱེད་དགོས། “ལོ་ལྔའི་འཆར་འགོད་བཅོ་ལྔ་པ”འགོ་རྩོམ་པའི་ལོར། རང་རྒྱལ་གྱི་གྲངས་འཛིན་རྨང་གཞིའི་སྒྲིག་ཆས་མགྱོགས་མྱུར་ངང་མཐོར་འདེགས་བྱུང་ནས། ཁྱབ་ཁོངས་གཙོ་བོའི་གྲངས་འཛིན་ཅན་གྱི་ཚུལ་སྒྱུར་ཟམ་མི་ཆད་པར་གཏིང་ཟབ་ཏུ་སྤེལ་བ་དང་། ལག་རྩལ་གསར་པ་ལས་བསྐྱེད་པའི་ཐོན་ལས་གསར་པ་དང་ལས་རྣམ་གསར་པ། དཔེ་དབྱིབས་གསར་པ་བཅས་ཟམ་མི་ཆད་པར་བྱུང་སྟེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་གོམ་སྟབས་ཆེན་པོས་མདུན་དུ་སྐྱོད་པར་སྐུལ་འདེད་གཏོང་ངེས།

ད་ལྟའི་ཀྲུང་གོར་གྲངས་འཛིན་ཅན་ཧ་ཅང་དར་བཞིན་ཡོད།

ཐོན་སྐྱེད་ལས་རིམ་དུ།  དྲང་འཕྱང་ཁྱབ་ཁོངས་ཀྱི་དཔེ་དབྱིབས་ཆེན་པོ6000ལྷག་རིག་ནུས་ཀླད་ཆེན་དུ་གྱུར་ནས། འགག་རྩའི་རིག་ནུས་བཟོ་སྐྲུན་སྒྲིག་ཆས་དང་བཟོ་ལས་མཉེན་ཆས་གཞི་ཁྱོན་ཅན་གྱི་བེད་སྤྱོད་ལ་སྐུལ་ཁྲིད་བྱས།

མཐའ་ཡས་པའི་ཞིང་ཁར། ཞིང་བཀོལ་མི་མེད་གནམ་གྲུ་འབུམ་གསུམ་ལྷག་གིས་ཞིང་ཁར་ལྡིང་སྐོར་རྒྱག་བཞིན་ཡོད་ལ། ཟོག་སྦྲེལ་དྲ་རྒྱའི་སྒྲིག་ཆས་སྐར་ཚོགས་ལྟར་བཀྲམ་ནས།  ཞིང་ལས་ཐོན་སྐྱེད་ཀྱི་གནད་འཁེལ་རང་བཞིན་ཆེས་ཆེར་འཕེལ་བར་སྐུལ་འདེད་གཏོང་བཞིན་ཡོད།

ད་ལྟ། རང་རྒྱལ་གྱི་གྲངས་འཛིན་དཔལ་འབྱོར་གྱི་ཐོན་ལས་གཙོ་བོའི་འཕར་ཐང་གིས་རྒྱལ་ནང་ཐོན་སྐྱེད་སྤྱི་ཐང་ལས་བཟུང་བའི་བསྡུར་ཚད10.5%ལས་བརྒལ་ཡོད། ད་ལོའི་དུས་ཚིགས་དང་པོར་གྲངས་འཛིན་ཐོན་རྫས་བཟོ་སྐྲུན་ལས་རིགས་ཀྱི་འཕར་ཐང11.2%འཕར་ཡོད།

གྲངས་འཛིན་ཀྲུང་གོ་འཛུགས་སྐྲུན་ལ་སྐུལ་འདེད་གཏིང་ཟབ་གཏོང་རྒྱུ་ནི་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་གྲངས་འཛིན་དུས་རབས་ཀྱི་འཕེལ་ཕྱོགས་ཆེན་པོ་དམ་འཛིན་ཡང་དག་བྱེད་པའི་འཐབ་ཇུས་བཀོད་སྒྲིག་གལ་ཆེན་ཞིག་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། “གྲངས་འཛིན་དཔལ་འབྱོར་སྐྱོན་བྲལ་ངང་འཕེལ་རྒྱས་གཏོང་རྒྱུ་དེ་རྒྱལ་ཁབ་ཀྱི་འགྲན་རྩོད་ལེགས་ཆ་གསར་པ་བསྐྲུན་པར་ཕན་ཐོགས་ཡོད་པ་དང་། ད་ལྟའི་དུས་རབས་འདིར། གྲངས་འཛིན་ལག་རྩལ་དང་གྲངས་འཛིན་དཔལ་འབྱོར་ནི་འཛམ་གླིང་གི་ཚན་རྩལ་གསར་བརྗེ་དང་ཐོན་ལས་འཕོ་འགྱུར་གྱི་གོ་སྐབས་ཡིན་ཞིང་། སྐོར་གསར་པའི་རྒྱལ་སྤྱིའི་འགྲན་རྩོད་ཀྱི་ཁྱབ་ཁོངས་གལ་ཆེན་ཡིན་པས། ང་ཚོས་གོ་སྐབས་སྔོན་ལ་དམ་འཛིན་དང་མ་འོངས་པའི་འཕེལ་རྒྱས་ཀྱི་མཐོ་ས་དེ་འཛིན་དགོས། ”

ལོ་ལྔའི་འཆར་འགོད་བཅོ་ལྔ་པར་འཆར་འགོད་བྱེད་སྐབས་ཁོང་གིས་བསྟན་དོན། རང་རྒྱལ་གྱི་གཞི་གྲངས་ཐོན་ཁུངས་ཕུན་སུམ་ཚོགས་པ་དང་ཐོན་ལས་མ་ལག་ཆ་ཚང་ལ། ཚོང་རའི་བར་སྟོང་ཆེ་ཞིང་མི་ཐབས་རིག་ནུས་འཕེལ་རྒྱས་གཏོང་བའི་མདུན་ལམ་རྒྱ་ཆེ་བས། སྲིད་ཇུས་ཀྱི་རྒྱབ་སྐྱོར་དང་ཤེས་ལྡན་མི་སྣ་སྐྱེད་སྲིང་བྱེད་རྒྱུར་ཤུགས་བསྣན་ནས། བདེ་འཇགས་དང་བློ་གཏད་ཆོག་པའི་སྤུས་ལེགས་ཐོན་རྫས་སྔར་ལས་མང་པོ་གསར་སྤེལ་བྱེད་པར་འབད་པ་བྱེད་དགོས།

ཉེ་ཆར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་འཛམ་གླིང་གཞི་གྲངས་རྩ་འཛུགས་བཙུགས་པར་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་ནས་བསྟན་དོན། གཞི་གྲངས་ཀྱི་རྨང་གཞིའི་ཐོན་ཁུངས་ཀྱི་ནུས་པ་དང་གསར་གཏོད་སྒུལ་ཤུགས་ཀྱི་ནུས་པ་ཉིན་བཞིན་མངོན་གསལ་དུ་འགྱུར་བཞིན་ཡོད་པས། རྩིས་ནུས་ལག་རྩལ་གསར་གཏོད་ལ་སྐུལ་འདེད་བཏང་སྟེ་གཞི་གྲངས་བདེ་འཇགས་དང་གོ་རིམ་ལྡན་པའི་ངང་འཁོར་རྒྱུག་དང་ནུས་མཐོའི་ངང་གསར་སྤེལ་བེད་སྤྱོད་བྱེད་རྒྱུར་སྐུལ་འདེད་གཏོང་དགོས།

རྒྱལ་ཁབ་གཞི་གྲངས་ཆེད་མཁས་བློ་འདྲི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཨུ་ཡོན།  ཀྲུང་གོ་བཟོ་སྐྲུན་གླིང་གི་ཡོན་ཧྲི་ཝུའུ་ཧོ་ཆོན་གྱིས་བཤད་རྒྱུར།སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གྲངས་འཛིན་དུས་རབས་ཀྱི་འཕེལ་ཕྱོགས་ཆེན་པོར་རྒྱུས་ལོན་ཟབ་མོ་གནང་ནས། གྲངས་འཛིན་ཀྲུང་གོ་འཛུགས་སྐྲུན་བྱེད་པའི་བསམ་བློ་གསར་པ་དང་ལྟ་བ་གསར་པ། སྡོམ་ཚིག་གསར་པ་རབ་དང་རིམ་པ་བཏོན་ལ། གྲངས་འཛིན་དཔལ་འབྱོར་དང་དངོས་ཕུང་དཔལ་འབྱོར་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་བཏང་ཞིང་། གྲངས་འཛིན་ཅན་ལ་བརྟེན་ནས་རྒྱལ་ཁབ་ཀྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པའི་དེང་རབས་ཅན་ལ་སྐུལ་འདེད་བཏང་སྟེ། ཀྲུང་གོས་གྲངས་འཛིན་དུས་རབས་ཀྱི་གོ་སྐབས་དམ་འཛིན་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་བྱེད་ཆེད་རྩ་བའི་གཞི་འཛིན་ས་དང་འགུལ་སྐྱོད་ཀྱི་ཕྱོགས་སྟོན་མཁོ་འདོན་བྱས་པ་མ་ཟད། ཀྲུང་གོ་གྲངས་འཛིན་རྒྱལ་ཁབ་ཆེན་པོ་ནས་གྲངས་འཛིན་རྒྱལ་ཁབ་སྟོབས་ལྡན་ཕྱོགས་སུ་བསྐྱོད་རྒྱུར་སྐུལ་འདེད་བཏང་ནས། གོ་ལ་ཧྲིལ་པོའི་གྲངས་འཛིན་བཅོས་སྐྱོང་ལ་ཀྲུང་གོའི་བློ་གྲོས་དང་ཀྲུང་གོའི་ཇུས་གཞི་ལེགས་སྐྱེས་སུ་ཕུལ།

ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་རྩ་གནད་ལས། གྲངས་འཛིན་ཀྲུང་གོ་འཛུགས་སྐྲུན་ལ་སྐུལ་འདེད་གཏིང་ཟབ་བཏང་ནས་གྲངས་འཛིན་ཅན་གྱི་འཕེལ་རྒྱས་ཆུ་ཚད་མཐོ་རུ་གཏོང་བ་དང་།  རྩིས་ནུས་སྒྲིག་ཆས་འཛུགས་སྐྲུན་དང་འདྲ་དཔེ་རྩི་ཐབས་འཕེལ་རྒྱས། སྤུས་ཚད་མཐོ་བའི་གཞི་གྲངས་ཐོན་ཁུངས་མཁོ་སྤྲོད་བཅས་ལ་གཅིག་གྱུར་སྐུལ་འདེད་བཏང་ནས། གྲངས་རིག་ཅན་འཕེལ་རྒྱས་ཀྱི་གཞི་གདན་བརྟན་པོར་འཛུགས་དགོས་ཞེས་བཏོན་ཡོད། “མི་ཐབས་རིག་ནུས་འགུལ་སྐྱོད་ཁྱོན་ཡོངས་ནས་ལག་བསྟར་བྱས་ཏེ། མི་ཐབས་རིག་ནུས་ཐོན་ལས་ཉེར་སྤྱོད་ཀྱི་མཐོ་ས་དམ་འཛིན་སྒོས་ལས་རིགས་མང་པོར་ཕྱོགས་ཡོངས་ནས་ནུས་པ་བསྩོལ་དགོས།

“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”འཕེལ་རྒྱས་དམིགས་འབེན་ལ་དམིགས་ནས་གྲངས་འཛིན་ཀྲུང་གོ་འཛུགས་སྐྲུན་བྱེད་པའི་གོམ་སྟབས་ཇེ་མགྱོགས་སུ་གཏོང་དགོས།

རྩིས་གློག་མཐུན་སྦྱོར་གྱིས་རྒྱལ་ཡོངས་གཞི་གཅིག་ཅན་གྱི་རྩིས་ནུས་དྲ་བར་མགྱོགས་མྱུར་ངང་སྐུལ་འདེད་བཏང་སྟེ།“གྲངས་འཛིན་གྱི་རྨང་གཞི”ཇེ་བརྟན་དུ་བཏང་། ནང་སོག་ཝུའུ་ལན་ཁྲ་པུའུ་རུ་རྒྱལ་ཡོངས་ཀྱི་གཞི་གྲངས་ལྟེ་གནས་ཐོག་མའི་ལྗང་གློག་ཐད་སྦྲེལ་ཁུངས་དྲ་ཐེག་གསོག་གཞི་གཅིག་ཅན་གྱི་ལས་གཞིས་དྲ་སྦྲེལ་ནས་གློག་གཏོང་ཐུབ་ཡོད། ལས་གཞིའི་དུས་རིམ་གཉིས་པ་ལས་འགོ་རྩོམ་ལ་ཉེ་བ་དང་། ལོ་མཇུག་ཏུ་ཐོན་སྐྱེད་བྱེད་འགོ་བརྩམས་རྗེས། ལོ་རེར་ལྗང་གློག་ཏུའུ་དུང་ཕྱུར8ལྷག་མཁོ་འདོན་བྱ་ངེས།

མིག་སྔར། རྒྱལ་ཡོངས་སུ་རྩིས་ནུས་ལྟེ་གནས་ཀྱི་འཁོར་སྒྲོམ་སྤྱིའི་གཞི་ཁྱོན་བྱེ་བ་གཅིག་ས་ཡ་གཉིས་ལས་བརྒལ་ཡོད། ཉིན་རེར་ཆ་སྙོམས་ཀྱི་ཐ་སྙད་སྤྱོད་ཚད་རབ་བཀྲམ་ཆེན་མོ་གཅིག་དང་རབ་བཀྲམ་བཞི་ལས་བརྒལ་ནས། ལོ་གཉིས་ལ་ལྡབ་ཆིག་སྟོང་ལྷག་འཕར་ཡོད། ད་ལོ་རྒྱལ་ཁབ་ཀྱིས་ད་དུང་རྒྱལ་ཁབ་ཀྱི་རྩིས་ནུས་མཉམ་འབྲེལ་མཉམ་མཐུད་ཀྱི་མཚམས་ཚིགས་འཛུགས་སྐྲུན་བྱས་ནས། ས་ཁོངས་ལས་བརྒལ་བའི་རྩིས་ནུས་མཁོ་སྤྲོད་བཀོད་གཏོང་སྔར་ལས་བདེ་བླག་ཡོང་བར་བྱེད་རྒྱུ་རེད།

གྲངས་དངོས་མཉམ་འདྲེས་ཀྱིས་ཐོན་ལས་ཀྱི་སྤུས་འདེགས་ཕན་བསྐྱེད་ལ་སྐུལ་འདེད་བཏང་། རིག་ནུས་ལག་ཁྱེར་ཁ་པར་བཟོ་གྲྭའི་སྦྲེལ་ལྕགས་སྒྲིག་སྦྱོར་འཁོར་ཁང་དུ་མིས་ཐབས་རིག་ནུས་ཀྱིས་མགྱོགས་མྱུར་ངང་ལྷུ་ལག་ཚང་མར་ཆེས་འཚམ་པའི“ཆ་ཤས་གཞན་ཞིག”བཙལ་ནས་ལྟེབ་ཤེལ་ལག་ཁྱེར་ཁ་པར་གྱི་སྦྲེལ་ཆས་སྒྲིག་སྦྱོར་ཞིབ་ཚགས་ཚད་ཧའོ་སྨི0.04ནས་ཧའོ་སྨི0.003བར་ཇེ་མཐོར་བཏང་ཡོད། གྲངས་རིག་ལག་རྩལ་དེ་ཐོན་སྐྱེད་བཟོ་སྐྲུན་གྱི་ལྷུ་ཚིགས་གཙོ་བོ་དང་མཉམ་འདྲེས་ཟབ་མོ་བྱས་ཡོད་པ་དང་། རྒྱལ་ཡོངས་སུ་ཆུ་ཚད་མཐོ་བའི5Gབཟོ་གྲྭ100ཙམ་གོ་ལ་ཧྲིལ་པོའི་སྔོན་ཐོན་ཆུ་ཚད་དུ་སླེབས་ཡོད་ལ། རྨང་གཞི་རིམ་པའི་རིག་ནུས་བཟོ་གྲྭ་ཁྲི་གསུམ་དང་སྟོང་ལྔ་ལྷག་བསྐྲུན་ཡོད།

གྲངས་རིག་ཅན་གྱི་གློག་ཆས་ཀྱིས་ཁྱིམ་ཚང་ཁྲི་སྟོང་མང་པོར་ཕན་འདོགས་བཞིན་ཡོད། ད་ལྟ།  བརྒྱ་ཆའི་དགུ་བཅུ་ལས་བརྒལ་བའི་ཞིང་ཆེན་རིམ་པའི་སྲིད་འཛིན་ཆོག་འཐུས་བྱ་བ་མགྱོགས་མྱུར་ངང་དྲ་ཐོག་ནས་སྒྲུབ་ཐུབ། རིག་སྟོབས་སྨན་བཅོས་ཞབས་ཞུའི་ཁྱབ་རྒྱ་ཆེ་རུ་བཏང་ནས་རྒྱལ་ཡོངས་སྦྲེལ་དྲའི་སྨན་ཁང་གི་ལོ་གཅིག་གི་ཞབས་ཞུའི་ཚད་མི་ཐེངས་དུང་ཕྱུར1ལས་བརྒལ་ཡོད། ཚན་རྩལ་འཚོ་བ་ནས་གྲངས་འཛིན་བཅོས་སྐྱོང་བར་གྲངས་འཛིན་ཅན་གྱི་འཚོ་བ་དེ་ཀྲུང་གོའི་སྤྱི་ཚོགས་ལ་མེད་དུ་མི་རུང་བའི་འཚོ་བ་སྐྱེལ་སྟངས་ཤིག་ཏུ་གྱུར་ཡོད།

རྒྱལ་ཁབ་གྲངས་གཞི་ཅུས་ཀྱི་སྲིད་ཇུས་དང་འཆར་འགོད་སིའི་འགན་འཁུར་པ་ལོན་ཅེ་ཡིས་བཤད་རྒྱུར།  ད་ལོར་རྒྱལ་ཁབ་ཀྱིས་རིག་ནུས་དཔལ་འབྱོར་གྱི་རྣམ་པ་གསར་པ་གཙོ་གནད་དུ་བཟུང་ནས། གཙོ་གནད་ལས་རིགས་ཁྱབ་ཁོངས་ཀྱི་མི་ཐབས་རིག་ནུས་ཚོང་ལས་ཅན་དང་གཞི་ཁྱོན་ཅན་དུ་བཀོལ་སྤྱོད་བྱེད་པར་སྐུལ་འདེད་གཏོང་བ་དང་། གཞི་ཁྱོན་ཆེ་བའི་རིག་རྩིས་ཁྱུ་ཚོགས་དང་རྩིས་གློག་མཐུན་སྦྱོར་སོགས་རྨང་གཞིའི་འཛུགས་སྐྲུན་བཟོ་སྐྲུན་ལག་བསྟར་བྱེད་པ། སྒོ་འབྱེད་མཉམ་སྤྱོད་བདེ་འཇགས་བཅས་ཀྱི་རྒྱལ་ཡོངས་གཞི་གཅིག་ཅན་གྱི་གཞི་གྲངས་ཚོང་ར་འཛུགས་སྐྲུན་བྱེད་རྒྱུ་ཇེ་མགྱོགས་སུ་གཏོང་བ། རྒྱལ་ཡོངས་གཅིག་གྱུར་གྱི་གཞི་གྲངས་ཐོན་དབང་ཐོ་འགོད་ལམ་ལུགས་བཙུགས་ནས་མི་ཐབས་རིག་ནུས་དང་གཞི་གྲངས་ཀྱི་རྒྱུ་རྐྱེན་གཙོ་བོའི་འགུལ་སྐྱོད་ལག་བསྟར་གཏིང་ཟབ་བཅས་བྱས་ཏེ་གྲངས་འཛིན་ཀྲུང་གོའི་འཛུགས་སྐྲུན་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་སྐུལ་འདེད་གཏོང་རྒྱུ་རེད།