ཏིང་ཞུའེ་ཞང་གིས་ཏུར་མེན་སི་ཐན་ལ་འཚམས་འདྲི་གནང་། 
ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས།

ཟླ4པའི་ཚེས15ཉིན་ནས་ཚེས17ཉིན་བར། ཀྲུའུ་ཞི་ཞི་ཅིན་ཕིང་གི་དམིགས་བསལ་འཐུས་མི།  ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཏིང་ཞུའེ་ཞང་ཏུར་མེན་སི་ཐན་དུ་ཕེབས་ནས། བསྐྱར་དར་རླངས་ཞིང་གི་དུས་རིམ་བཞི་པའི་ལས་གཞི་འགོ་རྩོམ་པའི་མཛད་སྒོར་ཞུགས་པ་དང་།   སོ་སོར་ཏུར་མེན་སི་ཐན་མི་རིགས་ཀྱི་གཙོ་འཛིན། མི་དམངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཁུའུ་ཨར་པན་ཀུའུ་ལི·པིས་ཨར་ཏེ་མུའུ་ཧ་མེ་ཏུའོ་ཧྥུའུ་དང་། སྲིད་འཛིན་ཞེ་ཨར་ཏ་ཨར་པིས་ཨར་ཏེ་མུའུ་ཧ་མའེ་ཏུའོ་ཧྥུའུ་གཉིས་ལ་མཇལ་འཕྲད་གནང་།ཙུང་ལི་གཞོན་པ་དང་ཕྱི་འབྲེལ་པུའུ་ཀྲང་གི་འགན་གཅིག་ལྕོགས་སུ་འཁུར་མཁན་མེ་ལེ་ཏུའོ་ཧྥུའུ་དང་མཉམ་དུ་ཀྲུང་གོ་དང་ཏུར་མེན་སི་ཐན་གཉིས་ཀྱི་མཉམ་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བདུན་པར་འགོ་འཛིན་མཛད།

ཏིང་ཞུའེ་ཞང་དང་ཁུའུ་ཨར་པན་ཀུའུ་ལི·པིས་ཨར་ཏེ་མུའུ་ཧ་མེ་ཏུའོ་ཧྥུའུ་གཉིས་མཉམ་དུ་བསྐྱར་དར་རླངས་ཞིང་གི་དུས་རིམ་བཞི་པའི་ལས་གཞི་འགོ་རྩོམ་པའི་མཛད་སྒོར་ཞུགས། ཏིང་ཞུའེ་ཞང་གིས་བསྟན་དོན། བསྐྱར་དར་རླངས་ཞིང་གི་དུས་རིམ་བཞི་པའི་ལས་གཞི་འཛུགས་སྐྲུན་གྱིས་རྒྱལ་ཁབ་གཉིས་ཀྱི་འགོ་ཁྲིད་པའི་རེ་སྒུག་ཟབ་མོ་མཚོན་ཡོད་པ་མ་ཟད། ཀྲུང་གོ་དང་ཏུར་མེན་སི་ཐན་མི་དམངས་ཀྱི་ཐུན་མོང་གི་སེམས་འདུན་ཡང་བཅོལ་ཡོད་པས། སྤུས་ཚད་གཙོར་འཛིན་པ་དང་གསར་གཏོད་སྣེ་ཁྲིད། མཉམ་ལས་གཉིས་ཕན་བཅས་རྒྱུན་འཁྱོངས་བྱེད་པ་དང་།  སྤུས་ལེགས་བཟོ་སྐྲུན་དང་དཔེ་སྟོན་བཟོ་སྐྲུན། མཛའ་མཐུན་བཟོ་སྐྲུན་བཅས་བསྐྲུན་ཏེ་ཕྱོགས་གཉིས་ཀྱི་ནུས་ཁུངས་མཉམ་ལས་སྔར་ལས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས། 

ཁུའུ་ཨར་པན་ཀུའུ་ལི·པིས་ཨར་ཏེ་མུའུ་ཧ་མེ་ཏུའོ་ཧྥུའུ་དང་ཞེ་ཨར་ཏ་ཨར·པུས་ཨར་ཏེ་མུའུ་ཧ་ཏའོ་ཧྥུའུ་གཉིས་ལ་མཇལ་འཕྲད་གནང་སྐབས། ཏིང་ཞུའེ་ཞང་གིས་ཀྲུའུ་ཞི་ཞི་ཅིན་ཕིང་གི་བྱམས་བརྩེའི་འཚམས་འདྲི་བརྒྱུད་སྒྲོག་བྱས་པ་དང་། ཏུར་མེན་སི་ཐན་ཕྱོགས་ཀྱི་འགོ་ཁྲིད་པས་ཏིང་ཞུའེ་ཞང་ལ་ཁོང་ཚོས་ཀྲུའུ་ཞི་ཞི་ཅིན་ཕིང་ལ་སྨོན་འདུན་བཟང་པོ་ཞུ་བཞིན་ཡོད་པ་བརྒྱུད་སྒྲོག་བྱེད་རྒྱུའི་རེ་བ་བཏོན།

ཏིང་ཞུའེ་ཞང་གིས་རྒྱལ་ཁབ་གཉིས་ཀྱི་འགོ་ཁྲིད་པའི་འཐབ་ཇུས་ཀྱི་སྣེ་ཁྲིད་འོག  ཀྲུང་གོ་དང་ཏུར་མེན་སི་ཐན་རྒྱལ་ཁབ་གཉིས་ཀྱིས་ཕན་ཚུན་གྱི་ལྟེ་བའི་ཁེ་ཕན་ལ་རྒྱབ་སྐྱོར་བྱེད་བཞིན་ཡོད་པ་དང་། ཕན་ཚུན་བློ་གཏད་ཆོག་པའི་མཉམ་ལས་གྲོགས་པོ་ཡིན།  ཕྱོགས་གཉིས་ཀྱིས་རང་བྱུང་སོལ་རླངས་མཉམ་ལས་བྱེད་ཚད་དང་གཞི་ཁྱོན་ཆེ་རུ་གཏོང་བ་དང་།  སྔར་ལས་ལྷག་པའི་སྒོ་ནས་འཐབ་ཇུས་ཀྱི་མཐོ་ཚད་དང་ཡུན་རིང་གི་ཁེ་ཕན་ལ་དམིགས་རྒྱུར་དོ་སྣང་བྱེད་པ། མུ་མཐུད་དུ་མདུན་སྐྱོད་དང་བབ་བསྟུན་གྱི་གོ་སྐབས་ལེགས་པོ་སྤྱོད་པ་བཅས་བྱས་ཏེ་ནུས་ཁུངས་མཉམ་ལས་ཀྱི་སྤུས་ཚད་དང་ཕན་འབྲས་མཐོ་རུ་གཏོང་དགོས། ཐོན་ཁུངས་མིན་པའི་ཁྱབ་ཁོངས་ཀྱི་མཉམ་ལས་ཆུ་ཚད་སྔར་ལས་མཐོ་རུ་བཏང་ནས། འཕར་གནས་གསར་པ་སྐྱེད་སྲིང་བྱེད་དགོས།

ཏུར་མེན་སི་ཐན་ཕྱོགས་ཀྱི་འགོ་ཁྲིད་པས་བསྟན་དོན།   ཏུར་མེན་སི་ཐན་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་རྩ་དོན་བརྩི་བསྲུང་ནན་མོ་བྱས་ཏེ། ཀྲུང་གོ་ཕྱོགས་དང་མཉམ་དུ“དར་གོས་ཚོང་ལམ་བསྐྱར་དར”གྱི་འཐབ་ཇུས་དང“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་གྲོས་འགོ་གཉིས་འབྲེལ་མཐུད་བྱེད་པར་ཤུགས་སྣོན་པ་དང་། ད་ཡོད་ཀྱི་རང་བྱུང་སོལ་རླངས་ཀྱི་མཉམ་ལས་གྲུབ་འབྲས་སྲ་བརྟན་དུ་གཏོང་བ། བར་སྟོང་གསར་པ་རྒྱ་བསྐྱེད་པ། ཁྱབ་ཁོངས་ཁག་གི་དངོས་གཉེར་མཉམ་ལས་རྒྱུན་མཐུད་ངང་གཏིང་ཟབ་ཏུ་གཏོང་བ་བཅས་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་འཕེལ་རྒྱས་དང་ས་ཁུལ་གྱི་ཞི་བདེ་བརྟན་ལྷིང་ལ་སྔར་ལས་སྐུལ་འདེད་གཏོང་འདོད་ཡོད། 

ཀྲུང་གོ་དང་ཏུར་མེན་སི་ཐན་མཉམ་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བདུན་པའི་སྟེང་།  ཏིང་ཞུའེ་ཞང་དང་མེ་ལེ་ཏུའོ་ཧྥུའུ་གཉིས་ཀྱིས་བསམ་ཚུལ་བརྗེ་རེས་ཟབ་མོ་བྱས་ཏེ། མཐོ་རིམ་ཆབ་སྲིད་ཀྱི་སྣེ་ཁྲིད་ལ་ཤུགས་སྣོན་པ་དང་འཕེལ་རྒྱས་འཐབ་ཇུས་འབྲེལ་མཐུད་ཟབ་མོ་བྱས་ནས་རྒྱལ་ཁབ་གཉིས་ཀྱི་ཁྱོན་ཡོངས་མཉམ་ལས་ཐད་གྲུབ་འབྲས་སྔར་ལས་མང་པོ་ཐོབ་པར་སྐུལ་འདེད་གཏོང་རྒྱུར་འཐད་པ་བྱུང་བར་མ་ཟད། 《ཀྲུང་གོ་དང་ཏུར་མེན་སི་ཐན་རྒྱལ་ཁབ་གཉིས་ཀྱི་རང་བྱུང་སོལ་རླངས་ཁྱབ་ཁོངས་ཀྱི་མཉམ་ལས་ཀྱི་གཞི་རྩའི་རྩ་དོན་སྐོར་གྱི་སྤྱིའི་གྲོས་མཐུན》དང་དེ་བཞིན་འབྲེལ་ཡོད་མཉམ་ལས་འཆར་འགོད་དང་གྲོས་ཚོགས་ཀྱི་ཟིན་བྲིས་གནད་བསྡུས་ལ་མཉམ་དུ་མིང་རྟགས་བཀོད་ནས་ཕྱོགས་གཉིས་ཀྱིས་རིག་གནས་ལྟེ་གནས་དང་འགྲིམ་འགྲུལ་ཟོག་འགྲེམས། མི་ཐབས་རིག་ནུས། སྲོལ་རྒྱུན་གསོ་རིག་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ཡིག་ཆར་མིང་རྟགས་བཀོད་པར་བདེན་དཔང་བྱས། 

ཏུར་མེན་སི་ཐན་ལ་འཚམས་འདྲི་གནང་སྐབས། ཏིང་ཞུའེ་ཞང་ད་དུང་ཀྲུང་གོ་དང་ཏུར་མེན་སི་ཐན་གཉིས་ཀྱིས་རང་བྱུང་སོལ་རླངས་འཐབ་ཇུས་མཉམ་ལས་བྱས་ནས་ལོ་ངོ20འཁོར་བའི་རྗེས་དྲན་བགྲོ་གླེང་ཚོགས་འདུའི་འགོ་རྩོམ་མཛད་སྒོ་དང་ཏུར་མེན་སི་ཐན་ལུའུ་པན་བཟོ་ཁང་གི་སྒོ་བྱང་འགེལ་བའི་མཛད་སྒོར་ཞུགས།