
ཚེས18ཉིན། ཀྲུང་གོ་རྒྱལ་སྤྱིའི་འཛད་སྤྱོད་དངོས་ཟོག་འགྲེམས་ཚོགས་སྐབས་དྲུག་པ་མཇུག་སྒྲིལ་བ་དང་། སྐབས་འདིའི་འཛད་སྤྱོད་དངོས་ཟོག་འགྲེམས་ཚོགས་ལ་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་སྟེ་ཚད་སྤུས་ཕྱོགས་ཡོངས་ནས་མཐོར་འདེགས་བྱུང་།
སྐབས་འདིའི་འཛད་སྤྱོད་དངོས་ཟོག་འགྲེམས་ཚོགས་ལ་རྒྱལ་ཁབ་དང་ས་ཁུལ67གྱི་འཛད་སྤྱོད་དངོས་ཟོག་ཟོང་རྟགས3413ཞུགས་ཡོད་ལ། སྒྲོག་སྤེལ་བྱས་པའི་ཐོན་རྫས་གསར་པའི་གྲངས་འབོར386ལ་སླེབས་ཡོད། ལོ་ངོ6རིང་གི་འཚོལ་ཞིབ་དང་ལག་ལེན་བརྒྱུད་ནས། འཛད་སྤྱོད་དངོས་ཟོག་འགྲེམས་ཚོགས་དེ་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་གཞི་ཁྱོན་ཆེ་ཤོས་ཀྱི་འཛད་སྤྱོད་དངོས་ཟོག་སྤུས་ལེགས་འགྲེམས་ཚོགས་སུ་གྱུར་ནས། འཛད་སྤྱོད་དར་སྲོལ་ལ་སྣེ་ཁྲིད་དང་འཛད་སྤྱོད་རིམ་སྤོར་ལ་སྐུལ་འདེད་གཏོང་བའི་སྒེའུ་ཁུང་གལ་ཆེན་ཞིག་ཏུ་གྱུར་ཡོད།
སྐབས་འདིའི་འཛད་སྤྱོད་དངོས་ཟོག་འགྲེམས་ཚོགས་ལས་བསྡོམས་པས་མཁོ་སྤྲོད་སྦྲེལ་མཐུད་ཀྱི་བྱེད་སྒོ་ཐེངས10ལ་སྤེལ་བ་དང་། ཉོ་སྒྲུབ་ཚོང་པའི་ཞབས་ཞུའི་ལྟེ་གནས་ཐོག་མར་བཙུགས་ནས་འགྲེམས་རྫས་ཚོང་ཟོག་ཏུ་འགྱུར་བ་དང་འགྲེམས་ཞུགས་ཚོང་པ་དངུལ་གཏོང་ཚོང་བར་འགྱུར་བར་སྐུལ་འདེད་བཏང་། མིག་སྔའི་བར། ཁེ་ལས་གཙོ་བོ70ལྷག་འགྲེམས་ཚོགས་ལ་ཞུགས་རྗེས་ཧའེ་ནན་དུ་སྡོད་རྒྱུའི་ཐག་བཅད། འཇར་མན་གྱི་འགྲེམས་ཞུགས་ཚོང་པ་མཱ་ཏི་ཡ་སི་ལ་ཐེངས་འདིའི་འགྲེམ་ཚོགས་ལས་གྲུབ་འབྲས་ཆེན་པོ་ཐོབ་ཡོད་ལ། ཁོས་གསར་འགོད་པར་བཤད་རྒྱུར། དེ་སྔོན་ཁོའི་ཐོན་རྫས་ཀྲུང་གོའི་ཁྲོམ་རར་ཕྱིར་གཏོང་བྱེད་པའི་བྱེད་ཐབས་གཙོ་བོ་ནི་རྒྱལ་མཚམས་བརྒལ་བའི་དྲ་ལམ་ཕྱིར་ཚོང་ལ་བརྟེན་པ་ཡིན་ཞིང་། ད་ལྟ་ཧའེ་ནན་རང་མོས་ཉོ་ཚོང་གྲུ་ཁའི་སྒོ་འབྱེད་སྲིད་ཇུས་དང་སྟབས་བདེའི་རྒྱུ་ལམ་ལ་བརྟེན་པ་ཡིན་པས། ཐོན་རྫས་ཚོང་རར་ཐོན་ཚད་མངོན་གསལ་ཀྱིས་ཇེ་མགྱོགས་སུ་ཕྱིན་ཡོད་ཟེར། འཛད་སྤྱོད་དངོས་ཟོག་འགྲེམས་ཚོགས་མཇུག་བསྒྲིལ་མ་ཐག། ཁོ་སན་ཡ་རུ་སོང་ནས་མཉམ་ལས་ཀྱི་གོ་སྐབས་གསར་པ་བརྩོན་ལེན་བྱེད་རྩིས་ཡོད།
མཱ་ཏི་ཡ་སི་ཡིས་བཤད་རྒྱུར། ང་ཚོས་མུ་མཐུད་དུ་ཀྲུང་གོའི་ཚོང་རར་མ་དངུལ་གཏོང་ཚད་ཇེ་མང་དུ་གཏོང་རྒྱུ་ཡིན་པ་དང་། ལོ་འདི་དག་གི་རིང་། ང་ཚོས་ཀྲུང་གོ་ནས་ལོ་རེར་འཕར་ཚད 20%རྒྱུན་འཁྱོངས་བྱེད་བཞིན་ཡོད་ལ། གྲུབ་འབྲས་འདི་ངོ་མ་དགའ་འོས་པ་ཞིག་རེད་ཟེར།
འཛད་སྤྱོད་དངོས་ཟོག་འགྲེམས་ཚོགས་སུ། ཚང་མས་མཐོང་བ་ནི་ཀྲུང་གོའི་གཞི་ཁྱོན་ཆེ་བའི་ཁྲོམ་ར་ནས་ཐོན་པའི་གསོན་ཤུགས་ཁོ་ན་མ་ཡིན་པར། ཀྲུང་གོ་དང་འཛམ་གླིང་གིས་འཕེལ་རྒྱས་ཀྱི་གོ་སྐབས་མཉམ་སྤྱོད་བྱས་པའི་རྒྱལ་ཁབ་ཆེན་མོའི་འགན་འཁྲི་ཡིན།