
ཟླ4པའི་ཚེས18ཉིན། མཚོ་སྔོན་ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་ཧྲུའུ་ཅི། ཧྲིན་ཀྲང་ལུའོ་ཏུང་ཁྲོན་གྱིས་འགོ་འཛིན་བྱས་ཏེ། ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་གྲོས་ཚོགས་དང་རྒྱུན་ལས་གྲོས་ཚོགས་བསྡུས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉེ་དུས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་པ་དང་། ཞིང་ཆེན་ཏང་ཨུའི་བླང་བྱ་དོན་འཁྱོལ་བྱས་ལ། སློབ་སྦྱོང་སློབ་གསོ་དང་བདེ་འཇགས་ཐོན་སྐྱེད་སོགས་ཀྱི་བྱ་བར་ཞིབ་འཇུག་བཀོད་སྒྲིག་བྱས།
ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་གྲོས་ཚོགས་སྟེང་དུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཐུན་མོང་སློབ་སྦྱོང་ཐེངས་ཉེར་བཞི་པར་འགོ་འཛིན་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་ནས་ནན་གྱིས་བསྟན་དོན། ཡུལ་བབ་དང་བསྟུན་པ་དང་བརྟན་པོའི་ཁྲོད་ནས་ཡར་རྒྱས་བརྩོན་ལེན་བྱེད་པ། སྐས་རིམ་གསོ་སྐྱོང་བཅས་རྒྱུན་འཁྱོངས་བྱས་ཏེ། ཚྭ་མཚོའི་ཐོན་ཁུངས་ཕྱོགས་བསྡུས་བེད་སྤྱོད་དང་ནུས་ཁུངས་གཙང་མ། ལྗང་མདོག་རྩིས་ནུས་སོགས་ཁྱད་སྟོབས་ཁྱབ་ཁོངས་ལ་དམ་པོར་དམིགས་ཏེ། ཐོན་ཁུངས་ཀྱི་རྒྱུ་རྐྱེན་གཙོ་བོའི་འགན་ལེན་ལ་གཅིག་གྱུར་འཆར་འགོད་དང་། མ་ལག་ཚང་བའི་སྲིད་ཇུས་བྱེད་ཐབས་འཐུས་ཚང་དུ་གཏོང་བ། ཚན་རྩལ་མཁྲེགས་གཏོར་ལ་ཤུགས་སྣོན་པ། སྔོན་མཐོང་བཀོད་སྒྲིག་དང་མ་འོངས་ཐོན་ལས་འཕེལ་རྒྱས་གཏོང་བ་བཅས་བྱས་ནས། འབྱུང་འགྱུར་ཐོན་ལས་དང་གསར་དར་ཐོན་ལས། སྲོལ་རྒྱུན་ཐོན་ལས་བཅས་གོང་དུ་སྤེལ་བར་ཕན་ཚུན་སྤེལ་རེས་ཡོང་བར་འབད་དགོས།
ཚོགས་ཐོག་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོ་གོ་མིན་ཏང་གི་ཀྲུའུ་ཞི་ཀྲེང་ལི་ཝུན་དང་མཇལ་འཕྲད་གནང་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་ནས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཐའེ་ཝན་ལས་དོན་སྐོར་གྱི་རྒྱས་བཤད་གལ་ཆེན་དང་དུས་རབས་གསར་པའི་ཏང་གིས་ཐའེ་ཝན་གྱི་གནད་དོན་ཐག་གཅོད་བྱེད་པའི་སྤྱིའི་ཐབས་ཇུས་ལ་སློབ་སྦྱོང་དང་ལག་བསྟར་ཟབ་སྤེལ་བྱས་ནས། མཚོ་སྔོན་གྱི་དོན་དངོས་ནས་རྐང་ཚུགས་པར་བྱས་ཏེ། ཐའེ་ཝན་དང་སྤྱི་ཚོགས་ཀྱི་མི་གཞུང་རིག་གནས་དང་དཔལ་འབྱོར་ཚོང་དོན་སྤེལ་རེས་མཉམ་ལས་ལ་ཤུགས་བསྣན་ནས། མཚོ་འགག་འགྲམ་གཉིས་ཀྱི་སྤུན་ཟླའི་གཉེན་ཉེ་ལྟ་བུའི་བརྩེ་བ་དང་བདེ་སྐྱིད་ཟམ་མི་ཆད་པར་ཇེ་ཆེར་བཏང་སྟེ། མཉམ་དུ་ལག་གདང་སྦྲེལ་ནས་མེས་རྒྱལ་གཅིག་གྱུར་དང་མི་རིགས་བསྐྱར་དར་གྱི་མཛེས་སྡུག་ལྡན་པའི་འབྱུང་འགྱུར་མཉམ་སྐྲུན་བྱེད་ཆེད་མཚོ་སྔོན་གྱིས་བྱས་རྗེས་གང་ལེགས་འཇོག་དགོས།
ཚོགས་ཐོག་ནས་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཉེ་དུས་ཀྱི་སྲིད་འབྲས་ལྟ་བ་ཡང་དག་འཛུགས་པ་དང་ལག་བསྟར་བྱེད་པའི་སྐོར་གྱི་འབྲེལ་ཡོད་ཚོགས་འདུའི་ཡིག་ཆའི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་པ་དང་། 《སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ས་གནས་ནས་བྱ་བ་སྒྲུབ་སྐབས་སྲིད་འབྲས་ལྟ་བ་ཡང་དག་རྒྱུན་འཁྱོངས་བྱས་པའི་གསོན་ཉམས་ལྡན་པའི་ལག་ལེན》ཞེས་པར་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུར་དམིགས་ནས་སློབ་སྦྱོང་དང་གྲོས་བསྡུར་བྱས། ཚོགས་ཐོག་ནས་མི་དམངས་ཀྱི་ཆེད་དུ་སྲིད་སྐྱོང་བྱས་རྗེས་འཇོག་པ་དང་། དངོས་སྒྲུབ་ལ་བརྟེན་ནས་སྲིད་སྐྱོང་བྱས་རྗེས་འཇོག་པ་རྒྱུན་འཁྱོངས་བྱས་ཏེ། སྲིད་སྐྱོང་བྱས་རྗེས་གསར་གཏོད་བྱ་རྒྱུ་དེ་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་དང་ནུས་ཁུངས་བདེ་འཇགས། ཐོན་ཁུངས་བདེ་འཇགས་བཅས་ཀྱི་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་བའི་ནང་མཉམ་འདྲེས་ཡོང་བར་བྱེད་པ་དང་། སློབ་སྦྱོང་ནན་མོ་དང་ཞིབ་བཤེར་རྣལ་མ། བཅོས་སྒྱུར་ངོ་མ་བཅས་བྱེད་པའི་ཐད་འབད་བརྩོན་བྱེད་པ། མཉམ་འབྲེལ་ལྟ་སྐུལ་མཛུབ་སྟོན་དང་མར་འབེབས་ཞབས་ཞུ་བྱེད་ཤུགས་ཆེ་རུ་བཏང་ནས། སྲིད་འབྲས་ལྟ་བ་ཡང་དག་པར་བརྟེན་ནས་སྲིད་གཞུང་གི་ལས་དོན་སོ་སོའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྣེ་འདོམས་བྱེད་དགོས་ཞེས་བསྟན།
ཞིང་ཆེན་སྲིད་གཞུང་གི་རྒྱུན་ལས་གྲོས་ཚོགས་སྟེང་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བདེ་འཇགས་ཐོན་སྐྱེད་སྐོར་གྱི་རྒྱས་བཤད་གལ་ཆེན་ལ་སློབ་སྦྱོང་དང་ལག་བསྟར་ནན་མོ་བྱེད་རྒྱུ་དང་། གཙོ་གནད་ལས་རིགས་དང་འགག་རྩའི་ཁྱབ་ཁོངས། ལྷུ་ཚིགས་ཞན་ས་བཅས་ལ་དམིགས་ཏེ། བདེ་འཇགས་ཐོན་སྐྱེད་རྩ་བཅོས་མཁྲེགས་གཏོར་གྱི་ལོ་གསུམ་བྱ་སྤྱོད་ལ་སྐུལ་འདེད་ནན་མོ་གཏོང་བ། དཔྱད་ཞིབ་སྐོར་ཞིབ་སོགས་བྱས་པ་ལས་ཤེས་རྟོགས་བྱུང་བའི་གནད་དོན་དང་འགལ་རྐྱེན་ངན་པ་ཅི་རིགས་དག་ཐེར་བྱེད་པའི་ལས་དོན་ཏན་ཏིག་ངང་སྒྲུབ་པ་བཅས་བྱས་ནས། ཕྱོགས་སོ་སོའི་འགན་འཁྲི་སྔར་ལས་ཇེ་དམ་དུ་བཏང་སྟེ། འབྲེལ་ཐག་ཧྲིལ་པོའི་བདེ་འཇགས་བཅོས་སྐྱོང་ཆུ་ཚད་མཐོ་རུ་གཏོང་བ། དཔལ་འབྱོར་དང་སྤྱི་ཚོགས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་བདེ་འཇགས་འགོག་སྲུང་གི་འཛིང་རགས་བརྟན་པོ་བསྐྲུན་དགོས།
ཚོགས་ཐོག་ནས《མཚོ་སྔོན་ཞིང་ཆེན་གྱིས་དམངས་ཁྲོད་དངུལ་གཏོང་འཕེལ་རྒྱས་ལ་སྔར་ལས་སྐུལ་འདེད་གཏོང་བའི་བྱེད་ཐབས་དུ་མ》དང་། 《མཚོ་སྔོན་ཞིང་ཆེན་གྱི2026ལོའི་ཟས་རིགས་བདེ་འཇགས་ཀྱི་གཙོ་གནད་ལས་དོན་བཀོད་སྒྲིག》ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བར་མ་ཟད། དམངས་ཁྲོད་དངུལ་གཏོང་གི་ཞབས་ཞུ་དང་མཛུབ་སྟོན། ཚད་ལྡན་དོ་དམ་བཅས་ལ་ཤུགས་བསྣན་ཏེ། སྲིད་དོན་ཞབས་ཞུའི་ཕན་ནུས་ཆེ་རུ་གཏོང་བ་དང་། ཚོང་གཉེར་ཁོར་ཡུག་རྒྱུན་མཐུད་ངང་ཇེ་ལེགས་སུ་བཏང་ནས། དམངས་ཁྲོད་དངུལ་གཏོང་གི་གསོན་ཤུགས་ལ་སྐུལ་སློང་ནུས་ལྡན་བྱེད་པ། ཟས་རིགས་བདེ་འཇགས་ཀྱི“ཆེས་ནན་མོ་བཞིའི”བླང་བྱ་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ནས། “འགན་འཁྲི་གཉིས”ལ་དམ་འཛིན་ནན་མོ་བྱས་ཏེ། འབྱུང་རྩ་ནས་སྔོན་འགོག་ནན་མོ་དང་བརྒྱུད་རིམ་ལ་དོ་དམ་ནན་མོ། ཉེན་ཁར་ཚོད་འཛིན་ནན་མོ་བཅས་ཡོང་བར་གཅིག་གྱུར་འཆར་འགོད་བྱས་ནས། ནུས་ཤུགས་ཡོད་རྒུས་མང་ཚོགས་ཀྱི“ཟས་རིགས་བདེ་འཇགས”ལ་སྲུང་སྐྱོང་བྱེད་དགོས་ཞེས་ནན་གྱིས་བསྟན།
གྲོས་ཚོགས་ལས་ད་དུང་ལས་རིམ་གཞན་དག་ལའང་ཞིབ་འཇུག་བྱས།
བན་དེ་སྐྱབས་ཀྱིས་བསྒྱུར།