ཧན་ཀྲེང་གིས་འཛམ་གླིང་མཉམ་སྤྱོད་འཕེལ་རྒྱས་འགུལ་སྤྱོད་གླེང་སྟེགས་སྐབས་གསུམ་པའི་མཐོ་རིམ་ཚོགས་འདུའི་ཕྱི་ཕྱོགས་འཐུས་མིར་མཉམ་དུ་མཇལ་འཕྲད་གནང་།
ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས།

ཟླ4པའི་ཚེས22ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཧན་ཀྲེང་གིས་པེ་ཅིང་དུ་འཛམ་གླིང་མཉམ་སྤྱོད་འཕེལ་རྒྱས་འགུལ་སྤྱོད་གླེང་སྟེགས་སྐབས་གསུམ་པའི་མཐོ་རིམ་ཚོགས་འདུར་ཞུགས་མཁན་གྱི་ཕྱི་རྒྱལ་གྱི་འཐུས་མིར་མཉམ་དུ་མཇལ་འཕྲད་གནང་།

ཧན་ཀྲེང་གིས་བསྟན་དོན། ཀྲུའུ་ཞི་ཞི་ཅིན་ཕིང་གིས་འཛམ་གླིང་འཕེལ་རྒྱས་ཀྱི་གྲོས་འགོ་བཏོན་ནས་ལོ་ལྔའི་རིང་། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཧུར་ཐག་གིས་དང་ལེན་དང་རྒྱབ་སྐྱོར་རྒྱ་ཁྱབ་ཐོབ་པ་དང་།  ཕྱོགས་སོ་སོའི་ཐུན་མོང་གི་འབད་བརྩོན་བརྒྱུད། གྲོས་འགོ་དོན་འཁྱོལ་བྱེད་པར་གྲུབ་འབྲས་མངོན་གསལ་བླངས། ཀྲུང་གོ་ཕྱོགས་ཀྱིས་ཐེངས་འདིའི་ཚོགས་འདུ་གོ་སྐབས་སུ་བཟུང་སྟེ། ཕྱོགས་སོ་སོ་དང་ཐུན་མོང་གི་ངོས་འཛིན་སྔར་བས་གཅིག་མཐུན་ཡོང་བར་བྱེད་པ་དང་། འགུལ་སྤྱོད་ཀྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་དང་། འཛམ་གླིང་འཕེལ་རྒྱས་མཉམ་ལས་ཐོན་ཁུངས་ལ་དངུལ་གཏོང་རྒྱ་སྐྱེད་པ། གཙོ་གནད་ཁྱབ་ཁོངས་ཀྱི་མཉམ་ལས་ལ་སྐུལ་འདེད་གཏོང་བ། ལྗང་མདོག་རྒྱུན་མཐུད་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བ་བཅས་བྱས་ནས། འཕེལ་རྒྱས་ཀྱི་གྲུབ་འབྲས་ཀྱིས་མི་དམངས་ལ་སྔར་བས་ཕན་ཐོགས་པར་བྱས་ནས། འཛམ་གླིང་འཕེལ་རྒྱས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་བསྐྲུན་པར་སྐུལ་འདེད་བཏང་།

ཚོགས་ཞུགས་ཕྱི་རྒྱལ་གྱི་འཐུས་མིས་ཀྲུང་གོ་ཕྱོགས་ཀྱིས་ཐེངས་འདིའི་ཚོགས་འདུ་བདེ་བླག་ངང་འཚོགས་པར་རྟེན་འབྲེལ་ཞུས་པ་དང་། ནུས་ཤུགས་ཡོད་རྒུས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་པའི་འཛམ་གླིང་འཕེལ་རྒྱས་ཀྱི་གྲོས་འགོར་རྒྱབ་སྐྱོར་བྱ་རྒྱུ་དང་། ཀྲུང་གོ་ཕྱོགས་ཀྱིས་འཛམ་གླིང་འཕེལ་རྒྱས་ལ་བྱས་རྗེས་འཇོག་པར་ཚད་མཐོའི་བསྔགས་བརྗོད་བྱས་ཏེ། རྒྱལ་ཁབ་སོ་སོའི་སྲིད་གཞུང་གིས་ཀྲུང་གོ་གཅིག་གི་རྩ་དོན་བློ་བརྟན་འགྱུར་མེད་ངང་བརྩི་སྲུང་ཞུ་བ་བསྐྱར་བསྒྲགས་བྱས་ནས། ཀྲུང་གོ་ཕྱོགས་དང་མཉམ་ལས་གཏིང་ཟབ་བྱས་ཏེ། ལག་གདང་སྦྲེལ་ནས་འཛམ་གླིང་འཕེལ་རྒྱས་ལས་དོན་ལ་སྔར་བས་ཡར་རྒྱས་ཡོང་བར་སྐུལ་འདེད་གཏོང་འདོད་ཡོད་པ་བསྟན།