
ཟླ4པའི་ཚེས17ཉིན། ཞིང་ཆེན་གྱི་གནོད་འགོག་གནོད་སེལ་རྒུད་སྐྱོབ་ཨུ་ཡོན་ལྷན་ཁང་གིས་རྩ་འཛུགས་བྱས་ནས2026ལོའི་ཞིང་ཆེན་གྱི་གནོད་འགོག་གནོད་སེལ་རྒུད་སྐྱོབ་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་དང་ཡོམ་འགོག་རྒུད་སྐྱོབ་བཀོད་འདོམས་པུའུ་ཡི་ཚང་འཛོམས་གྲོས་ཚོགས་བསྡུས་ཏེ། རྒྱལ་ཁབ་གནོད་འགོག་གནོད་སེལ་རྒུད་སྐྱོབ་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཡོམ་འགོག་རྒུད་སྐྱོབ་བཀོད་འདོམས་པུའུ་ཡི་ཚང་འཛོམས་གྲོས་ཚོགས། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཡོམ་འགོག་རྒུད་སྐྱོབ་བཀོད་འདོམས་པུའུ་གཞུང་སྒྲུབ་ཁང་གི《2026ལོའི་ས་ཡོམ་གནོད་འཚེ་འགོག་ཟོན་བྱ་བར་ཤུགས་སྣོན་པའི་སྐོར་གྱི་བརྡ་ཐོའི》དགོངས་པ་བཅས་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་པ་དང་། 2025ལོའི་ཞིང་ཆེན་ཡོངས་ཀྱི་གནོད་འགོག་གནོད་སེལ་རྒུད་སྐྱོབ་བྱ་བ་དང2026ལོའི་ནམ་ཟླའི་འགྱུར་ལྡོག་དང་ས་ཡོམ་གནས་ཚུལ་སྔོན་དཔག་གི་གནས་ཚུལ་ཁྱབ་བསྒྲགས་བྱས་ཏེ། འབྲེལ་ཡོད་ཡིག་ཆར་གྲོས་ཞིབ་བྱས་ཤིང་། 2026ལོའི་གཙོ་གནད་བྱ་བར་བཀོད་སྒྲིག་བྱས།
ཉེ་བའི་ལོ་འགའི་རིང་། གོ་ལ་ཧྲིལ་བོའི་ནམ་ཟླའི་འགྱུར་ལྡོག་གི་ཤུགས་རྐྱེན་འོག རང་ཞིང་གི་རང་བྱུང་གནོད་འཚེའི་རིགས་ཇེ་མང་དང་ཁྱབ་རྒྱ་ཇེ་ཆེར་གྱུར་ཞིང་། གནོད་འཚེ་འབྱུང་ཚད་ཇེ་མང་དུ་གྱུར་བ་དང་། ལྷག་པར་ཞོད་དུས་དང་དགུན་དཔྱིད་དུས་སུ། ས་ཁོངས་རང་བཞིན་གྱི་དྲག་ཆར་དང་ཆུ་ལོག རླུང་ཆེན། བྱེ་རྡུལ་འཚུབ་པ། ས་གཤིས་གནོད་འཚེ། ནགས་ཚལ་དང་རྩྭ་ཐང་གི་མེ་སྐྱོན་སོགས་རང་བྱུང་གནོད་འཚེའི་ཐལ་དྲགས་པའི་རང་བཞིན་སྔར་ལས་ཆེ་རུ་ཕྱིན་པས། དུས་དང་རྣམ་པ་ཀུན་ཏུ་ས་ཡོམ་དྲག་པོ་དང་གནོད་འཚེ་ཆེན་མོའི་ཉེན་ཁ་ཚབས་ཆེན་ལ་འཕྲད་སྲིད། ས་གནས་སོ་སོ་དང་སྡེ་ཁག་སོ་སོས་དུས་སྐབས་གསར་བའི་གནོད་འཚེའི་གློ་བུར་རང་བཞིན་དང་རྒྱུན་ལྡན་མིན་པའི་རང་བཞིན། རྙོག་འཛིང་རང་བཞིན་བཅས་ཀྱི་ངོས་འཛིན་ཇེ་ཟབ་ཏུ་བཏང་ཞིང་། གནོད་འཚེ་ཚང་མར་གཅིག་འདོམས་ཀྱིས་ཁ་གཏད་གཅོག་པ་དང་བརྒྱུད་རིམ་ཧྲིལ་བོར་གཅིག་གྱུར་གྱིས་དོ་དམ་བྱེད་པ། དུས་རྣམ་ཀུན་ཏུ་ཧུར་ཐག་གིས་འགོག་ཟོན་བྱེད་པ། ནུས་ཤུགས་ཡོད་རྒུས་རིམ་ལྡན་མཐུན་སྦྱོར་བྱེད་པ་བཅས་ཀྱི་འགོག་ཟོན་དང་ཁ་གཏད་འཇལ་བའི་མ་ལག་སྔར་ལས་འཐུས་ཚང་དུ་བཏང་།
ད་ལོ་ནི་ལོ་ལྔའི་འཆར་འགོད་བཅོ་ལྔ་པ་འགོ་རྩོམ་པའི་ལོ་ཡིན་ལ། འཕྲལ་བསྟུན་དོ་དམ་ཁྱབ་ཁོངས་ཀྱིས་བདེ་འཇགས་བཅོས་སྐྱོང་རྣམ་པ་དེ་བྱ་བའི་སྔོན་ལ་སྔོན་འགོག་ཚུལ་སྒྱུར་བྱེད་པར་ཚུལ་སྒྱུར་གྱི་གནད་འགག་གི་ལོའང་ཡིན་པས། རང་ཞིང་གིས་འཕྲལ་བསྟུན་བཀོད་འདོམས་དང་གནོད་འགོག་གནོད་སེལ་རྒུད་སྐྱོབ་ཀྱི་འགན་འཁྲིའི་མ་ལག་སྔར་ལས་འཐུས་ཚང་དུ་གཏོང་དགོས་ཤིང་། གཅིག་འདོམས་མཐུན་སྦྱོར་དང་ཕྱོགས་མང་མཉམ་འགུལ་ཤུགས་བསྣོན་དགོས་པར་མ་ཟད། རིམ་པ་སོ་སོ་དང་ཕྱོགས་སོ་སོའི་བྱ་བའི་འགན་འཁྲི་ནན་གྱིས་དོན་འཁྱོལ་བྱེད་པ་དང་། ནུས་ཤུགས་ཡོད་རྒུས་གནོད་འགོག་གནོད་སེལ་རྒུད་སྐྱོབ་ནུས་པའི་རྐྱེན་སྲོལ་འཛུགས་པར་སྐུལ་འདེད་གཏོང་དགོས་ལ། བཟོ་སྐྲུན་གཙོ་བོ་ལག་བསྟར་འཆར་འགོད་དང་མགོ་ཁུངས་ཀྱི་སྔོན་འགོག་ལ་ཤུགས་བསྣོན་པ་དང་། ཉེན་ཁ་དོ་དམ་ཚོད་འཛིན་ཇེ་དྲག་ཏུ་བཏང་སྟེ། རང་བྱུང་གནོད་འཚེའི་ཉེན་ཁ་འགོག་ཟོན་དང་ཁ་གཏད་འཇལ་བའི་ཆུ་ཚད་ཇེ་མཐོར་གཏོང་དགོས་པ་དང་། མི་མངོན་པའི་རྐྱེན་ངན་གྲལ་བཤེར་དག་སྒྲིག་བྱས་ནས། ཆུ་ལོག་དང་། ནགས་ཚལ་དང་རྩྭ་ཐང་གི་མེ་སྐྱོན་འགོག་ཟོན་བྱེད་པ། ས་ཡོམ་དང་ས་གཤིས་གནོད་འཚེ་སོགས་འགོག་ཟོན་བྱ་བ་གཙོ་བོ་དམ་འཛིན་ནན་མོ་བྱས་ཏེ། གནོད་འགོག་གནོད་སེལ་རྒུད་སྐྱོབ་བྱ་བའི་ཆུ་ཚད་ཕྱོགས་ཡོངས་ནས་ཇེ་མཐོར་གཏོང་དགོས།
ལྷ་མོ་འཚོས་བསྒྱུར།