
གྲངས་འཛིན་ཀྲུང་གོ་འཛུགས་སྐྲུན་གྱི་རྩེ་ཚོགས་སྐབས་དགུ་པ་ཚེས29ཉིན་ཧྥུ་ཀྲོའུ་རུ་འགོ་བརྩམས་ཤིང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཏིང་ཞུའེ་ཞང་འགོ་རྩོམ་མཛད་སྒོར་ཞུགས་པ་མ་ཟད་བརྗོད་དོན་གསུང་བཤད་གནང་།
ཏིང་ཞུའེ་ཞང་གིས་བསྟན་དོན། གྲངས་འཛིན་ཀྲུང་གོ་འཛུགས་སྐྲུན་ལ་སྐུལ་འདེད་གཏིང་ཟབ་བཏང་སྟེ། གྲངས་རིག་ཅན་གྱི་འཕེལ་རྒྱས་ཆུ་ཚད་མཐོ་རུ་གཏོང་རྒྱུ་ནི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་སྤྱི་ཡོངས་དང་འབྲེལ་བ་ཡོད་པའི་འཐབ་ཇུས་ལས་འགན་ཡིན། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་གྲངས་འཛིན་ཀྲུང་གོའི་འཛུགས་སྐྲུན་ལ་ཚད་མཐོའི་མཐོང་ཆེན་གནང་སྟེ། ཐབས་ཇུས་བཀོད་སྒྲིག་རབ་དང་རིམ་པ་བྱས་པར། རང་རྒྱལ་གྱི་གྲངས་འཛིན་རྨང་གཞིའི་སྒྲིག་བཀོད་རྒྱུན་ཆད་མེད་པར་འཐུས་ཚང་དུ་ཕྱིན་ལ། གཞི་གྲངས་བདག་རྐྱེན་གྱི་བག་ནུས་རྒྱུན་མཐུད་ངང་གློད་ཅིང་། ལས་རྣམ་གསར་པ་དང་རྣམ་པ་གསར་པ་རྒྱུན་ཆད་མེད་པར་བྱུང་ནས། གསར་པ་དང་ལེགས་ཕྱོགས་སུ་འཕེལ་བའི་འཕེལ་རྒྱས་ཀྱི་འཆར་གཞི་རེ་རེ་བཀོད། དེང་སྐབས་གྲངས་འཛིན་དཔལ་འབྱོར་གྱི་འཕེལ་རྒྱས་དེ་རིག་ནུས་དཔལ་འབྱོར་གྱི་དུས་རིམ་གསར་པར་སླེབས་ཡོད་ལ། མིས་བཟོས་རིག་ནུས་འཕེལ་རྒྱས་ཀྱི་འཕེལ་ཕྱོགས་ཆེན་པོ་ཁོང་དུ་ཆུད་པར་བྱེད་པ་དང་གྲངས་འཛིན་ཀྲུང་གོ་གང་མགྱོགས་སྒོས་འཛུགས་སྐྲུན་བྱས་ནས། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་ཕྱོགས་ཡོངས་ནས་ནུས་པ་བསྩལ་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྒུལ་ཤུགས་ཆེན་པོ་སྩོལ་དགོས།
ཏིང་ཞུའེ་ཞང་གིས་རང་རྒྱལ་གྱི་མིས་བཟོས་རིག་ནུས་འཕེལ་རྒྱས་ལ་དམིགས་ནས་ལྟ་ཚུལ་ལྔ་གླེང་ཞིང་། གཅིག་ནི་རང་བརྟེན་གསར་གཏོད་རྒྱུན་འཁྱོངས་ཀྱིས་མུ་ཕྲེང་ཧྲིལ་པོའི་འགག་རྩའི་ལྟེ་བའི་ལག་རྩལ་འགག་སྒྲོལ་ལ་སྐུལ་འདེད་བཏང་ནས། མིས་བཟོས་རིག་ནུས་འཕེལ་རྒྱས་ཀྱི་སྔོན་ཐོན་གོ་གནས་ཟམ་མི་ཆད་པར་ཇེ་བརྟན་དུ་གཏོང་དགོས། རང་བརྟེན་གསར་གཏོད་འཕེལ་རྒྱས་ཀྱི་ལམ་བུར་བསྐྱོད་ཚེ་གཞི་ནས་བཀག་འགོག་དང་གནོན་ཤུགས་གང་རུང་ལ་གདོང་གཏོད་པའི་གདིང་ཤུགས་ཡོད། གཉིས་ནི་བཀོལ་སྤྱོད་སྣེ་ཁྲིད་རྒྱུན་འཁྱོངས་བྱས་ནས།“མིས་བཟོས་རིག་ནུས་དང་ཟུང་འབྲེལ”འགུལ་སྐྱོད་ལག་བསྟར་གཏིང་ཟབ་བྱེད་དགོས་ལ། མིས་བཟོས་རིག་ནུས་དང་དངོས་ཕུང་དཔལ་འབྱོར་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་སྤེལ་བཏང་སྟེ། སྤུས་གསར་ཐོན་སྐྱེད་ནུས་ཤུགས་གང་མགྱོགས་སྒོས་གསོ་སྐྱོང་དང་རྒྱ་ཆེ་རུ་གཏོང་དགོས། གསུམ་ནི་སྐྱེ་ཁམས་མཐུན་སྦྱོར་རྒྱུན་འཁྱོངས་བྱས་ཏེ། གསར་གཏོད་མུ་ཕྲེང་དང་ཐོན་ལས་མུ་ཕྲེང་གི་སྟོད་སྨད་རྒྱུད་དང་གཙོ་གཞི་མང་པོའི་མཉམ་ལས་དམ་ཟབ་ལ་སྐུལ་འདེད་གཏོང་དགོས་ལ། མིས་བཟོས་རིག་ནུས་ཁོར་ཡུག་རྒྱུན་ཆད་མེད་པར་འཐུས་ཚང་དུ་གཏོང་བ་དང་དེ་བས་དར་རྒྱས་ཡོང་བར་སྐུལ་སྤེལ་བྱེད་དགོས། བཞི་ནི་སྒོ་འབྱེད་མཉམ་རྒྱལ་དང་མིས་བཟོས་རིག་ནུས་ཀྱི་འཕེལ་རྒྱས་རྒྱུན་འཁྱོངས་བྱས་ཏེ། བཀག་སྡོམ་ཐེབས་པའི་ལྕགས་རི་མི་བསྐྲུན་པར་གཉིས་ཕན་མཉམ་ལས་ཀྱི་སྦྲེལ་ཟམ་བཙུགས་ནས། རྒྱལ་ཁབ་ཁག་གི་མི་དམངས་ལ་སྔར་ལས་ལྷག་པའི་བདེ་སྐྱིད་བསྐྲུན་དགོས། ལྔ་ནི་བདེ་འཇགས་ཚོད་འཛིན་རྒྱུན་འཁྱོངས་བྱས་ཏེ། ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་ལྟ་སྡོམ་ལ་ཤུགས་བསྣན་ནས། མིས་བཟོས་རིག་ནུས་སྐྱོན་བྲལ་དང་གོ་རིམ་ལྡན་པའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས་པ་བཅས་ཡིན།
འགོ་རྩོམ་མཛད་སྒོ་མ་སྤེལ་གོང་། ཏིང་ཞུའེ་ཞང་གིས་གྲངས་འཛིན་ཀྲུང་གོ་འཛུགས་སྐྲུན་གྱི་རྩེ་ཚོགས་སྐབས་དགུ་པའི་ཡུལ་དངོས་ཉམས་ལེན་ཁུལ་དུ་གཟིགས་སྐོར་གནང་།