སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྨང་གཞིའི་ཞིབ་འཇུག་ལ་ཤུགས་སྣོན་རྒྱུའི་སྐོར་གྱི་བཞུགས་མོལ་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་གལ་ཆེན་ལ་ཀུན་གྱིས་དོ་སྣང་ཆེན་པོ་བྱས།
ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས།

​སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྨང་གཞིའི་ཞིབ་འཇུག་ལ་ཤུགས་སྣོན་རྒྱུའི་སྐོར་གྱི་བཞུགས་མོལ་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་གལ་ཆེན་དེར་ཚན་རྩལ་ལས་རིགས་དང་སློབ་གསོའི་ལས་རིགས། ཐོན་ལས་ལས་རིགས་བཅས་ཀྱིས་དོ་སྣང་ཆེན་པོ་བྱས། ཚང་མས་སྤྱི་ཁྱབ་ཧྲུའུ་ཅིའི་མངགས་བཅོལ་བློ་ལ་བརྟན་པོར་ངེས་ནས་འབད་པའི་རྒྱུན་སྐྱོང་བ་དང་ཚན་རྩལ་སྟོབས་ལྡན་རྒྱལ་ཁབ་སྐྲུན་ཆེད་མུ་མཐུད་འབད་འཐབ་བྱེད་དགོས་པ་བསྟན།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྨང་གཞིའི་ཞིབ་འཇུག་ལ་ཤུགས་སྣོན་རྒྱུའི་ཐད་བླང་བྱ་གསལ་བོ་བཏོན་ཏེ། རྒྱལ་ཁབ་ཀྱི་ཚན་རིག་ཞིབ་འཇུག་ལས་ཁུངས་དང་ཆུ་ཚད་མཐོ་བའི་ཞིབ་འཇུག་ཅན་གྱི་སློབ་ཆེན་སོགས་ཀྱི་སྣེ་ཁྲིད་བྱེད་ནུས་ཆེ་རུ་གཏོང་བ་དང་། ཞིབ་འཇུག་གསར་སྤེལ་ལས་ཁུངས་གསར་གྲས་འཕེལ་རྒྱས་གཏོང་བར་བསྔགས་སྐུལ་དང་ཚད་ལྡན་དུ་གཏོང་དགོས། ཁེ་ལས་ཀྱིས་གཙོ་ཁྲིད་བྱེད་པའི་ཐོན་སློབ་ཞིབ་སྤྱོད་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་གཏོང་བ་དང་། ཉེར་སྤྱོད་རིག་ཚན་དང་རྨང་གཞིའི་རིག་ཚན་མཐུན་སྦྱོར་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས་ཞེས་ནན་གྱིས་བསྟན། སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་གྱིས་ཚང་མར་ལས་འགན་གལ་ཆེན་ཡིན་པ་དང་ཁ་ཚ་དགོས་གཏུག་ཏུ་སླེབས་ཡོད་པ་ཤེས་སུ་བཅུག་ནས་ཚན་རིག་ཞིབ་འཇུག་བྱེད་པ་བརྒྱུད་རྒྱལ་ཁབ་ལ་དྲིན་ལན་འཇལ་བའི་སེམས་ཤུགས་སྔར་ལས་ཆེན་པོ་འཕེལ་བར་བྱས།

ཀྲུང་གོ་ཚན་རིག་གླིང་དངོས་ཁམས་ཞིབ་འཇུག་སའོ་ཡི་སའོ་ཀྲང་། ཀྲུང་གོ་ཚན་རིག་གླིང་གི་ཡོན་ཧྲི་ཧྥང་ཀྲུང་གིས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་ནི་སྤྱན་རྒྱ་ཡངས་ཤིང་དགོངས་པ་ཟབ་ལ། རྨང་གཞིའི་ཞིབ་འཇུག་དེ་རྒྱལ་ཁབ་ཀྱི་འཐབ་ཇུས་སྤྱི་ཡོངས་ཀྱི་མཐོ་ཚད་དུ་བཞག་པ་མ་ཟད། སྔར་ལས་སྒྲུབ་ཤུགས་ཆེ་བ་དང་སྔར་ལས་དོན་གཉེར་བྱེད་པའི་བྱེད་ཐབས་ལ་བརྟེན་ནས་རྨང་གཞིའི་ཞིབ་འཇུག་ལ་ཤུགས་སྣོན་དགོས་པའི་བླང་བྱ་བཏོན། དགོངས་པ་གལ་ཆེན་འདི་ལས་ང་ལ་སྐུལ་ལྕག་ཆེན་པོ་ཐེབས་བྱུང་། སྤྱི་ཁྱབ་ཧྲུའུ་ཅིས་གསུང་བཤད་གནང་སྐབས། འབད་པ་རྒྱུན་སྐྱོང་དང་རྒྱབ་སྐྱོར་བརྟན་པོ་བྱེད་དགོས་ཞེས་དམིགས་སུ་བཀར་ནས་གསུངས་ཡོད་དེ། ངས་བསམས་ན་དེས་རྨང་གཞིའི་ཞིབ་འཇུག་གི་གལ་ཆེའི་རང་བཞིན་དང་དེའི་ཁྱད་ཆོས་ཧ་ཅང་ཁ་གསལ་པོར་གསུངས་ཡོད་པ་དང་། རྨང་གཞིའི་ཞིབ་འཇུག་ཧྲིལ་བོའི་མ་འོངས་པའི་འཕེལ་རྒྱས་ལ་དཔྱད་བརྗོད་གསལ་བོ་ཞིག་རེད། ཀྲུང་གོའི་རྨང་གཞིའི་ཞིབ་འཇུག་ད་ལྟ་འཛམ་གླིང་གི་མདུན་གྲལ་དུ་སླེབས་ཡོད། གནས་ཚུལ་འདི་འདྲའི་འོག་ཏུ། ང་ཚོའི་མ་འོངས་པའི་གསར་གཏོད་ལ་གཏིང་ཤུགས་སྔར་ལས་ལེགས་པ་ཞིག་ཡོད་དགོས་འདོད་ན། ངེས་པར་དུ་རྨང་གཞིའི་ཞིབ་འཇུག་བྱེད་ཤུགས་ཇེ་ཆེ་རུ་གཏོང་དགོས་ཟེར།

ཀྲུང་གོ་ཚན་རིག་ལག་རྩལ་སློབ་ཆེན་གྱི་སློབ་གཙོ། ཀྲུང་གོ་ཚན་རིག་གླིང་གི་ཡོན་ཧྲི་ཁྲང་ཅིན་གྱིས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་ཚན་རིག་ལག་རྩལ་སློབ་ཆེན་དུ་ཐེངས་གསུམ་ཕེབས་མྱོང་བ་དང་། ཀྲུང་གོའི་ཚན་རིག་ལག་རྩལ་སློབ་ཆེན་གྱི་རྨང་གཞིའི་ཞིབ་འཇུག་དང་ཚན་རྩལ་གསར་གཏོད་ཐད་ལ་བླང་བྱ་གསལ་བོ་བཏོན་ཡོད། བློ་རྩེ་གཅིག་ལ་བསྒྲིམས་ཞིང་ཀུན་སྤྱོད་བཟང་པོར་བརྟེན་ནས་མི་གསོ་སྐྱོང་དང་། འགག་སྒྲོལ་གསར་གཏོད་རྒྱུན་འཁྱོངས། རྨང་གཞིའི་རང་བཞིན་དང་འཐབ་ཇུས་རང་བཞིན་གྱི་བྱ་བའི་ཐད་འབད་བརྩོན་ཆེན་པོ་བྱེད་དགོས་གསུངས་ཡོད། སྤྱི་ཁྱབ་ཧྲུའུ་ཅིས་རྨང་གཞིའི་ཞིབ་འཇུག་ཐད་ལ་གནང་བའི་གསུང་བཤད་དེས། རྨང་གཞིའི་ཞིབ་འཇུག་གི་ཚན་རིག་ཞིབ་འཇུག་བྱ་བར་མཚོན་ན་ལམ་ཚད་རྡོ་རིང་ལྟ་བུའི་དོན་སྙིང་ལྡན་པས། ང་ཚོས་གསུང་བཤད་ཀྱི་དགོངས་དོན་ལ་གོ་བ་གཏིང་ཟབ་ལེན་པ་དང་། སྤྱི་ཁྱབ་ཧྲུའུ་ཅིའི་བླང་བྱ་ལྟར། ལོ་བཅུ་ཡི་རིང་གྲི་གཅིག་བརྡར་བའི་སྙིང་རུས་ཀྱིས་དཀའ་གནད་དེ་དག་ལ་དམིགས་ནས་འགག་སྒྲོལ་དཀའ་སེལ་བྱེད་པ་དང་། མེད་པ་ནས་ཡོད་པར་འགྲོ་བའི་ཐོག་མའི་གསར་གཏོད་བྱེད་དགོས་ཟེར།

ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་དུས་སྐབས་ནི་ཚན་རྩལ་སྟོབས་ལྡན་རྒྱལ་ཁབ་སྐྲུན་པའི་གནད་འགག་ཆེ་བའི་འགག་སྒྲོལ་དུས་སྐབས་ཡིན། རང་རྒྱལ་གྱི་རྨང་གཞིའི་ཞིབ་འཇུག་ལ་སྔར་བྱུང་མྱོང་མེད་པའི་འཕེལ་རྒྱས་ཀྱི་གོ་སྐབས་འཕྲད་ཡོད་པ་དང་ཆབས་ཅིག་ཏུ། རྒྱལ་སྤྱིའི་འགྲན་རྩོད་སྔར་ལས་ཛ་དྲག་ཏུ་འགྲོ་བ་སོགས་ཀྱི་དཀའ་ངལ་མང་པོ་ལའང་འཕྲད་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་འཛམ་གླིང་གསར་གཏོད་དྲ་རྒྱའི་ནང་རང་འགུལ་ངང་ཞུགས་པ་དང་། རྨང་གཞིའི་ཞིབ་འཇུག་གི་རྒྱལ་སྤྱིའི་བརྗེ་རེས་དང་མཉམ་ལས་གཏིང་ཟབ་ཏུ་གཏོང་བ། གནམ་གཤིས་འགྱུར་ལྡོག་དང་ནུས་ཁུངས་ཁོར་ཡུག ཚེ་སྲོག་བདེ་ཐང་སོགས་ཀྱི་ཚན་རིག་གནད་དོན་གལ་ཆེན་མཉམ་དུ་འགག་སྒྲོལ་བྱེད་པ། འཛམ་གླིང་ཡོངས་ཀྱི་ཚན་རྩལ་བཅོས་སྐྱོང་ནང་ཧུར་ཐག་གིས་ཞུགས་དགོས་པ་བསྟན། ཚང་མས་སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་པ་དང་། རང་རྒྱལ་གྱི་ཐོག་མའི་གསར་གཏོད་ནུས་པ་མཐོར་འདེགས་གཏོང་བ་དང་། ཚན་རྩལ་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་གྱི་རྨང་གཞི་སྔར་ལས་བརྟན་དུ་གཏོང་ཆེད་འབད་བརྩོན་ལྷོད་མེད་བྱེད་དགོས།

 ཀྲུང་གོ་ཞིང་ལས་ཚན་རིག་གླིང་གི་འགོ་གཙོ། ཀྲུང་གོ་ཚན་རིག་གླིང་གི་ཡོན་ཧྲི་ཧོང་སན་ཝུན་གྱིས་བཤད་རྒྱུར། རིམ་པ་རྗེས་མར། ཀྲུང་གོ་ཞིང་ལས་ཚན་རིག་གླིང་གིས་ཐེངས་འདིའི་ཚོགས་འདུའི་དགོངས་དོན་ཕྱོགས་ཡོངས་ནས་དོན་འཁྱོལ་མཐར་ཕྱིན་བྱ་རྒྱུ་ཡིན། ལོ་ཏོག་ཚན་རིག་དང་། ཕྱུགས་ལས་སྒོ་ཟོག་སྨན་པ་སོགས་ཀྲུང་གོའི་ཞིང་ལས་ཚན་རིག་གླིང་གི་རྨང་གཞིའི་ཚན་རིག་ལྟེ་གནས7འཛུགས་སྐྲུན་བྱེད་པ་དང་། རིག་ཚན་སྣོལ་སྡེབ་དང་མཉམ་འབྲེལ་འགག་སྒྲོལ་རྣམ་པའི་རྩ་འཛུགས་ལྡན་པའི་རྨང་གཞིའི་ཞིབ་འཇུག་དཔེ་རྣམ་གསར་གཏོད་བྱས་ཏེ། ཆུ་ཚད་མཐོ་བའི་ཞིང་ལས་ཚན་རྩལ་གྱི་རང་སྟོབས་རང་སྤེལ་ཇེ་མགྱོགས་སུ་གཏོང་བ་དང་། སྔར་ལས་སྲ་བརྟན་ཡིན་པའི་རྨང་གཞིའི་རིག་གཞུང་གི་འདེགས་སྐྱོར་དང་སྔར་ལས་ལས་ཕྱོད་ཆེ་བའི་འབྱུང་རྩའི་ལག་རྩལ་གྱི་འདེགས་སྐྱོར་མཁོ་འདོན་བྱེད་རྒྱུ་ཡིན། དེ་དང་ཆབས་ཅིག ང་ཚོས་རྒྱལ་ཁབ་ཕྱི་ནང་གི་རྩེར་སོན་ཚན་རིག་ཞིབ་འཇུག་ལས་ཁུངས་བཅུ་ཕྲག་ཁ་ཤས་དང་མཉམ་འབྲེལ་བྱས་ཏེ། ལོ་ཏོག་གཞི་རྒྱུའི་ཐོན་ཁུངས་འཆར་གཞི་འགོ་བརྩམས་ནས་མིའི་རིགས་ཀྱི་ཤེས་དཔལ་དང་རྒྱུན་མཐུད་འཕེལ་རྒྱས་ཐད་སྔར་ལས་མང་བའི་ཀྲུང་གོའི་བྱས་རྗེས་འཇོག་དགོས་ཟེར།

རྒྱལ་ཁབ་ནུས་ཁུངས་དངུལ་གཏོང་སྡེ་ཚོགས་ཚད་ཡོད་འགན་ཀུང་སིའི་ཏང་ཙུའུ་ཧྲུའུ་ཅི། རྐང་གཉེར་དབུ་གཙོ་ཙིའུ་ལེ་ཡིས་བཤད་རྒྱུར། ང་ཚོས་ཆབ་སྲིད་ཀྱི་ལངས་གནས་མཐོ་རུ་གཏོང་དགོས་པ་དང་། ཁེ་ལས་ཀྱི་ཚན་རྩལ་གསར་གཏོད་ཀྱི་གཙོ་གཞིའི་གོ་གནས་ཀྱི་འགན་འཁྲི་ལས་འགན་བརྟན་པོར་འཁུར་ནས། འགུལ་སྤྱོད་དངོས་ལ་བརྟེན་ནས“གཏན་ཕབ་གཉིས”ལ་མཐའ་གཅིག་ཏུ་གོང་བཀུར་དང་། “སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ལེགས་པར་བསྒྲུབ་དགོས། ཧུར་ཐག་གིས་རྨང་གཞིའི་ཞིབ་འཇུག་གི“རྒྱུགས་གཞི་འདོན་མཁན”བཟང་པོ་བྱས་ནས། རྣམ་པ་གསར་པའི་ནུས་ཁུངས་མ་ལག་འཛུགས་སྐྲུན་གྱི་གསར་གཏོད་ལག་ལེན་ཁྲོད་ཚན་རིག་གི་གནད་དོན་སྙིང་བསྡུས་བྱེད་དགོས། རྨང་གཞིའི་ཞིབ་འཇུག་གི“དྲི་ལན་འདེབས་མཁན”བཟང་པོ་བྱས་ནས། རྒྱལ་ཁབ་ཀྱི་འཐབ་ཇུས་ཚན་རྩལ་སྟོབས་ཤུགས་དང་། མཉམ་འདྲེས་གཏིང་ཟབ་ཀྱི་གསར་གཏོད་སྐྱེ་ཁམས་བསྐྲུན་དགོས། ཧུར་ཐག་གིས་རྨང་གཞིའི་ཞིབ་འཇུག་གི“རྒྱུགས་དཔྱད་པ”བཟང་པོ་བྱས་ནས། རྨང་གཞིའི་ཞིབ་འཇུག་དང་། ཉེར་སྤྱོད་ཞིབ་འཇུག ཐོན་ལས་ཅན་གྱི་སྦྲེལ་མཐུད་རྒྱུན་འཁོར་ཡོང་བར་སྐུལ་འདེད་གཏོང་བ་དང་། ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་གཏོད་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་གཏོང་དགོས།

ཀྲུང་གོ་སྤོ་སྒུལ་འཕྲིན་གཏོང་སྡེ་ཚོགས་ཚད་ཡོད་ཀུང་སིའི་སྤྱིའི་བཟོ་བཀོད་པ། ཀྲུང་གོ་བཟོ་སྐྲུན་གླིང་གི་ཡོན་ཧྲི་ཝང་ཞའོ་ཡུན་གྱིས་བཤད་རྒྱུར། ཚན་རྩལ་ཁེ་ལས་ཤིག་ཡིན་པའི་ཆ་ནས། ང་ཚོས་ཀྱང་དུས་ཚོད་དམ་འཛིན་བྱས་ཏེ། འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་དྲག་པོས་སྤྱི་ཁྱབ་ཧྲུའུ་ཅིའི་མཛུབ་སྟོན་གྱི་དགོངས་དོན་དོན་འཁྱོལ་བྱེད་པར་སྐུལ་འདེད་གཏོང་བ་སྟེ། ཁྲོམ་རར་ཁ་ཕྱོགས་པའི་ཉེར་སྤྱོད་རང་བཞིན་གྱི་རྨང་གཞིའི་ཞིབ་འཇུག་ལ་ཤུགས་སྣོན་ཏན་ཏིག་བྱེད་དགོས་པ་དང་། བེད་སྤྱོད་ཀྱི་དགོས་མཁོར་རྩེ་གཅིག་ཏུ་དམིགས་པ་དེ་གཞི་རྩའི་འགོ་རྩོམ་ས་རུ་བྱས་ནས། སྣོལ་སྡེབ་མཉམ་འདྲེས་དང་། ལས་རིགས་བརྒལ་བའི་གསར་གཏོད་དེ་འགག་གནད་སྒྲོལ་ས་གལ་ཆེན་དུ་འཛིན་པ་དང་། ཐོན་སློབ་ཞིབ་གསུམ་མཐུན་སྦྱོར་མཉམ་ཤུགས་གོང་བུར་འགྲིལ་བར་བྱ་རྒྱུ་དེ་འགག་རྩའི་འདེགས་སྐྱོར་དུ་བཟུང་སྟེ། ཚན་རྩལ་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་བྱེད་པར་ང་ཚོའི་ཁེ་ལས་ཀྱི་སྟོབས་ཤུགས་འབུལ་དགོས་ཟེར།