ཞི་ཅིན་ཕིང་གིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱི་སྤྱི་ཁྱབ་ལས་འཛིན་ལ་མཇལ་འཕྲད་གནང་། 
ཁུངས། ཀློག་གྲངས། 23

ཟླ5པའི་ཚེས12ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོ་རུ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱི་སྤྱི་ཁྱབ་ལས་འཛིན་ཨ་ན་ཉི་ལ་མཇལ་འཕྲད་གནང་།

ཟླ5པའི་ཚེས12ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོ་རུ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱི་སྤྱི་ཁྱབ་ལས་འཛིན་ཨ་ན་ཉི་ལ་མཇལ་འཕྲད་གནང་།

ཞི་ཅིན་ཕིང་གིས་བསྟན་དོན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱིས་རྒྱལ་ཁབ་ཁག་གི་མི་དམངས་བར་ཕན་ཚུན་ཤེས་རྟོགས་དང་ཡིད་ཆེས་བྱེད་ཚད་ཇེ་ཟབ་ཏུ་གཏོང་བ་དང་། དཔལ་ཡོན་མི་འདྲ་བའི་སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་རྒྱུར་སྐུལ་འདེད་གཏོང་ཆེད་བྱས་རྗེས་གལ་ཆེན་བཞག་ལ། གོ་ལ་ཧྲིལ་པོའི་སློབ་གསོ་དང་ཚན་རིག རིག་གནས་བཅས་ཀྱི་བཅོས་སྐྱོང་བཅོས་སྒྱུར་དང་འཐུས་སྒོ་ཚང་དུ་གཏོང་རྒྱུར་ཡང་དགེ་མཚན་ལྡན་པའི་ནུས་པ་བཏོན། ཀྲུང་གོ་ཕྱོགས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱི་ལས་དོན་ལ་ཧུར་ཐག་སྒོས་རྒྱབ་སྐྱོར་བྱས་ཏེ། ཕྱོགས་གཉིས་ཀས་མཉམ་དུ་འཛམ་གླིང་གི་ཞི་བདེ་སྲུང་སྐྱོང་དང་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ལ་སྐུལ་སྤེལ་གཏོང་ཆེད་བྱ་བ་མང་པོ་བསྒྲུབས། ཀྲུང་གོ་ཕྱོགས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་དང་འཐབ་ཇུས་མཉམ་ལས་ཟབ་མོ་བྱས་ནས། འཛམ་གླིང་གི་རྒྱལ་ཁབ་སོ་སོའི་མི་དམངས་ལ་བདེ་སྐྱིད་བསྐྲུན་འདོད་ཡོད།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། དེང་སྐབས། ཞི་བདེ་དང་འཕེལ་རྒྱས། མཉམ་ལས། མཉམ་རྒྱལ་བཅས་ཀྱི་དུས་རབས་ཀྱི་རླབས་རྒྱུན་ལ་འགྱུར་བ་བྱུང་མེད་མོད། འོན་ཀྱང་འཇམ་འཐབ་ཀྱི་བསམ་གཞིགས་དང་བཙན་དབང་རིང་ལུགས། ཕྱོགས་རྐྱང་རིང་ལུགས་བཅས་བསྐྱར་དུ་བྱུང་ནས། གོ་ལ་ཧྲིལ་པོའི་བཅོས་སྐྱོང་དེ་བཞི་མདོ་གསར་པར་སླེབས་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་བློ་བརྟན་འགྱུར་མེད་ངང་ཕྱོགས་མང་རིང་ལུགས་ལག་ལེན་དུ་བསྟར་བ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དབང་གྲགས་ལ་རྒྱབ་སྐྱོར་དང་སྲུང་སྐྱོང་བྱས་ནས། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱིས་གོ་ལ་ཧྲིལ་པོའི་བཅོས་སྐྱོང་ཁྲོད་ནུས་པ་གལ་ཆེན་འདོན་རྒྱུར་རྒྱབ་སྐྱོར་བྱ་ངེས།  ཀྲུང་གོ་ཕྱོགས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་དང་མཉམ་དུ་གོ་ལ་ཧྲིལ་པོའི་གྲོས་འགོ་ཆེན་པོ་བཞི་དོན་འཁྱོལ་ཡག་པོ་བྱས་ཏེ། རྒྱལ་ཁབ་ཁག་གི་མི་དམངས་ལ་སློབ་གསོ་དང་ཚན་རིག  རིག་གནས་བཅས་ཀྱི་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་སྤྱོད་བྱེད་དུ་བཅུག་ནས། མིའི་རིགས་ཀྱི་སྤྱི་ཚོགས་འཕྲད་པའི་ཐུན་མོང་གི་འགྲན་སློང་ལ་ཁ་གཏད་སྔར་ལས་ལྷག་པ་འཇལ་དུ་འཇུག་དགོས་པ་མ་ཟད། ལག་གདང་སྦྲེལ་ནས་མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པར་འཛུགས་རྒྱུར་སྐུལ་འདེད་གཏོང་འདོད་ཡོད། ཕྱོགས་གཉིས་ཀྱིས་མིས་བཟོས་རིག་ནུས་དང་སྒོ་འབྱེད་ཚན་རིག གྲངས་འཛིན་སློབ་གསོ་སོགས་ཀྱི་མཉམ་ལས་གཏིང་ཟབ་ཏུ་གཏོང་དགོས་ལ། འཛམ་གླིང་གི་ཤེས་དཔལ་སྣ་མང་རང་བཞིན་ལ་བརྩི་འཇོག་བྱ་རྒྱུའི་གྲོས་གཞི་བཏོན་ནས།  ཤེས་དཔལ་མི་འདྲ་བའི་བར་ཕན་ཚུན་བརྩི་འཇོག་དང་འཆམ་མཐུན་མཉམ་གནས་ཡོང་རྒྱུར་སྐུལ་འདེད་གཏོང་དགོས་ཤིང་། གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་རྒྱལ་ཁབ་དང་མཉམ་ལས་བྱ་རྒྱུར་ཤུགས་བསྣན་ནས། རིག་གནས་ཤུལ་བཞག་སྲུང་སྐྱོབ་དང་ཤེས་དཔལ་ཕན་ཚུན་སྤེལ་རེས་དང་དཔྱད་གཞིར་འཛིན་རྒྱུར་སྐུལ་འདེད་གཏོང་དགོས།

ཨ་ན་ཉི་ཡིས་བསྟན་དོན།  མཉམ་འབྲེལ་རྒྱལ་ཚོགས་ཀྱི་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱི་སྤྱི་ཁྱབ་ལས་འཛིན་ཡིན་པའི་ངོས་ནས་ཀྲུང་གོར་འཚམས་འདྲི་ཐེངས་དང་པོ་བྱས་པར་ཧ་ཅང་དགའ་ཡོད།  ངས་ཁོངས་ཞུགས་རྒྱལ་ཁབ་ཁག་ལ་མཐུན་སྒྲིལ་བྱས་ཏེ། གླེང་མོལ་མཉམ་ལས་དར་སྤེལ་དང་ཕན་ཚུན་རྒྱུས་ལོན་བྱེད་པར་སྐུལ་སྤེལ། ཤེས་དཔལ་ཕན་ཚུན་དཔྱད་གཞིར་འཛིན་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས། མིའི་རིགས་ལ་ཞབས་འདེགས་ཞུ་བའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་འཛུགས་སྐྲུན་བྱེད་པའི་རེ་ལྟོས་བྱེད་བཞིན་ཡོད། ཀྲུང་གོ་ཕྱོགས་ཀྱིས་དུས་ཡུན་རིང་པོར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ལ་རྒྱབ་སྐྱོར་ཤུགས་ཆེན་གནང་བར་ཐུགས་རྗེ་ཆེ་ཞུ་ལ། ཀྲུའུ་ཞི་ཞི་ཅིན་ཕིང2014ལོར་འཚམས་འདྲིར་ཕེབས་སྐབས་གནང་བའི་གསུང་བཤད་གལ་ཆེན་དེ་ང་ཚོས་ད་ལྟ་ད་རུང་གསལ་པོར་དྲན་ཡོང་།  མཉམ་འབྲེལ་རྒྱལ་ཚོགས་ཀྱི་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་ལས་བྱེད་ཤུགས་མུ་མཐུད་དུ་ཆེ་རུ་བཏང་སྟེ། གོ་ལ་ཧྲིལ་པོའི་སློབ་གསོ་དང་རིག་གནས་ཀྱི་ཆུ་ཚད་མཐོ་རུ་གཏོང་བ་དང་ཚན་རྩལ་སྤེལ་རེས་ལ་སྐུལ་སྤེལ། མིས་བཟོས་རིག་ནུས་ཀྱི་མཉམ་ལས་ཟབ་མོ་བྱེད་པ། ཐུན་མོང་ཐོག་གོ་ལ་ཧྲིལ་པོའི་གྲོས་འགོ་ཆེན་པོ་བཞི་དོན་འཁྱོལ་བཅས་བྱས་ནས། མིའི་རིགས་ཡོངས་ཀྱི་བདེ་སྐྱིད་ཆེ་རུ་གཏོང་བའི་རེ་ལྟོས་བྱེད་ཀྱིན་ཡོད།

ཝང་དབྱི་མཇལ་འཕྲད་ལ་ཞུགས།