
ཟླ5པའི་ཚེས15ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་འགོ་འཛིན་མཛད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས་ནས། ཀྲུང་དབྱང་གི་གྲོང་ཁྱེར་བྱ་བའི་གྲོས་ཚོགས་ཀྱི་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་དང་། གྲོང་ཁྱེར་གསར་སྒྱུར་ལག་བསྟར་དོན་འཁྱོལ་བྱེད་པའི་འཕེལ་རིམ་གནས་ཚུལ་གྱི་སྙན་ཞུར་ཉན་པ་དང་། 《གྲོང་ཁྱེར་གསར་སྒྱུར་གྱི“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”འཆར་འགོད》དང་། 《ཞིང་ལས་དང་ཞིང་སྡེའི་དེང་རབས་ཅན་གྱི“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”འཆར་འགོད》བཅས་ལ་གྲོས་ཞིབ་བྱས་ཏེ་གྲོས་འཆམ་བྱུང་ལ། མི་འབོར་འཕེལ་རྒྱས་ཀྱི་འབྲེལ་ཡོད་བྱ་བར་ཞིབ་འཇུག་དང་། རྨང་གཞིའི་སློབ་གསོ་བཅོས་བསྒྱུར་འཕེལ་རྒྱས་ཀྱི་འབྲེལ་ཡོད་བྱ་བར་ཞིབ་འཇུག་བྱས།
གྲོས་ཚོགས་ལས་བསྟན་དོན། ཀྲུང་དབྱང་གྲོང་ཁྱེར་བྱ་བའི་ཚོགས་འདུ་འཚོགས་པའི་ཚུན་ལ། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་ལེན་མཐར་ཕྱིན་བྱས་ཤིང་། གྲོང་ཁྱེར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བྱེད་ཐབས་རབ་དང་རིམ་པ་སྤྱད་ནས། གྲོང་ཁྱེར་བྱ་བའི་ཐད་འཕེལ་རྒྱས་གསར་བ་བྱུང་། མིག་སྔར་རང་རྒྱལ་གྱི་གྲོང་ཁྱེར་འཕེལ་རྒྱས་དེ་གཞི་ཁྱོན་ཆེ་བའི་འཕར་ཚད་རྒྱ་སྐྱེད་ཀྱི་དུས་མཚམས་ནས་བསགས་འབོར་གྱི་སྤུས་ཚད་མཐོར་འདེགས་དང་ལས་ཕྱོད་ཇེ་ཆེར་གཏོང་རྒྱུ་གཙོ་བོར་བྱེད་པའི་དུས་མཚམས་སུ་འགྱུར་བཞིན་ཡོད། གྲོང་ཁྱེར་གསར་སྒྱུར་བྱ་རྒྱུ་དེ་འབུར་དུ་ཐོན་པའི་གནས་སུ་འཇོག་དགོས་པ་དང་། ཉེ་རིང་ཟུང་འབྲེལ་དང་གཙོ་གནད་འབུར་ཐོན་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ། བྱ་བ་སོ་སོར་གོ་རིམ་ལྡན་པའི་ངང་སྐུལ་འདེད་ནུས་ལྡན་གཏོང་བ། གསར་གཏོད་དང་སྡོད་བདེ། མཛེས་སྡུག་ལྡན་པ། མཉེན་ཤུགས་ཆེ་བ། དཔལ་ཡོན་དང་རིག་ནུས་ལྡན་པ་བཅས་ཀྱི་དེང་རབས་ཅན་གྱི་མི་དམངས་གྲོང་ཁྱེར་བསྐྲུན་དགོས། གྲོང་ཁྱེར་གསར་སྒྱུར་གྱི་གཙོ་གནད་ལས་འགན་དོན་འཁྱོལ་ཡག་པོ་བྱས་ནས། གྲོང་ཁྱེར་འཕེལ་རྒྱས་ཀྱི་སྒུལ་ནུས་གསར་པ་སྐྱེད་སྲིང་བྱེད་པ་དང་སྟོབས་ལྡན་དུ་གཏོང་བ། སྤུས་ཚད་མཐོ་བའི་གྲོང་ཁྱེར་དུ་འཚོ་བ་རོལ་བའི་ཁོར་ཡུག་བསྐྲུན་པ་དང་། གྲོང་ཁྱེར་གྱི་བདེ་འཇགས་མཉེན་ཤུགས་ཆེ་རུ་བཏང་སྟེ། གྲོང་ཁྱེར་བཅོས་སྐྱོང་བྱེད་ནུས་དང་ཆུ་ཚད་ཇེ་མཐོར་གཏོང་དགོས། གྲོང་ཁྱེར་གསར་སྒྱུར་གྱི་ལག་བསྟར་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ་དང་། སྲིད་ཇུས་ཀྱི་རྒྱབ་སྐྱོར་མ་ལག་འཐུས་ཚང་དུ་བཏང་ནས། རྒྱུན་མཐུད་ཐུབ་པའི་གྲོང་ཁྱེར་གསར་སྒྱུར་གྱི་དཔེ་རྣམ་འཛུགས་དགོས།
གྲོས་ཚོགས་ལས་བསྟན་དོན། ཞིང་ལས་དང་ཞིང་སྡེའི་དེང་རབས་ཅན་དེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་སྤྱི་ཡོངས་དང་སྤུས་ཚད་ལ་འབྲེལ་བས། ཞིང་གསུམ་བྱ་བ་དེ་གལ་ཆེན་ནང་གི་འགངས་ཆེར་འཛིན་རྒྱུ་མཐའ་འཁྱོངས་བྱེད་པ་དང་རྨང་གཞི་རྒྱུན་ཆད་མེད་པར་བརྟན་དུ་བཏང་སྟེ། འཕེལ་རྒྱས་ཀྱི་སྤུས་ཚད་དང་ལས་ཕྱོད་ཆེ་རུ་གཏོང་དགོས། ཆོས་ཉིད་ལ་བརྩི་སྲུང་དང་ཡུལ་བབ་དང་བསྟུན་པ། ཞིང་ལས་ཀྱི་ཕྱོགས་བསྡུས་ཐོན་སྐྱེད་བྱེད་ནུས་ཆེ་རུ་གཏོང་བ་དང་། དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་མུ་མཐུད་སྲ་བརྟན་དང་རྒྱ་སྐྱེད་བཏང་ནས། ཐོག་མཐའ་བར་གསུམ་དུ་འབྲུ་རིགས་བདེ་འཇགས་དང་གཞི་ཁྱོན་རང་བཞིན་གྱི་ཕྱིར་དབུལ་བོར་འགྱུར་བའི་གནས་ཚུལ་མི་འབྱུང་བའི་ཚད་མཐའ་བརྟན་པོར་སྲུང་དགོས།
གྲོས་ཚོགས་ལས་བསྟན་དོན། མི་འབོར་འཕེལ་རྒྱས་ཐད་ཀྱི་དུས་བབ་གསར་པ་དང་འཕྲོད་ཐབས་བྱས་ཏེ། ཧུར་ཐག་གིས་མི་འབོར་སྤྱི་ཡོངས་ཀྱི་སྤུས་ཚད་མཐོ་རུ་གཏོང་བ་དང་། འོས་འཚམ་ཡིན་པའི་བུ་བཙའི་ཆུ་ཚད་དང་མི་འབོར་གྱི་གཞི་ཁྱོན་ཧུར་ཐག་གིས་རྒྱུན་འཁྱོངས་བྱས་ནས། མི་འབོར་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱུར་སྐུལ་འདེད་གཏོང་དགོས། བུ་བཙའི་མཛའ་མཐུན་ཅན་གྱི་སྤྱི་ཚོགས་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་བ་དང་། བུ་བཙའི་ཞབས་ཞུའི་འགན་སྲུང་ལ་ཤུགས་སྣོན་པ། ཕྲུ་གུ་དམར་འབྱར་དང་བྱིས་པའི་ལྟ་སྐྱོང་ཞབས་ཞུ་འཐུས་ཚང་དུ་བཏང་སྟེ། ཁྱིམ་ཚང་གི་ཕྱོགས་བསྡུས་རྒྱབ་སྐྱོར་སྲིད་ཇུས་མ་ལག་འཐུས་ཚང་དུ་གཏོང་དགོས། མི་འབོར་རྒན་རྒོན་ཅན་དུ་འགྱུར་བའི་གནས་ཚུལ་ཐག་གཅོད་ཡག་པོ་བྱེད་པ་དང་། རྒན་རྒོན་གྱི་སྤྱི་ཚོགས་འགན་སྲུང་ལ་ཤུགས་བསྣན་ནས། རྒན་གསོའི་ཞབས་ཞུའི་སྤུས་ཚད་དང་ལས་ཕྱོད་མཐོ་རུ་གཏོང་རྒྱུར་སྐུལ་འདེད་གཏོང་དགོས། མི་འབོར་ཁྱབ་ཚུལ་ལེགས་སྒྲིག་བྱ་རྒྱུར་དམིགས་ཏེ། ས་ཞིང་མཁོ་སྤྲོད་དང་ནོར་སྲིད་གཏོང་སྤྲོད་སྤོ་སྒྱུར་སོགས་མི་འབོར་འཕར་ཆག་དང་འབྲེལ་བའི་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ་དང་། སྤྱི་པའི་ཞབས་ཞུའི་ཐོན་ཁུངས་བེད་སྤྱོད་ཆེས་ལེགས་ཤོས་ཡོང་བར་བྱེད་དགོས།
གྲོས་ཚོགས་ལས་བསྟན་དོན། 2035ལོར་སློབ་གསོ་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་ལེགས་འགྲུབ་ཡོང་རྒྱུའི་དམིགས་འབེན་ལས་འགན་དེ་དམ་པོར་བཟུང་སྟེ། མང་ཚོགས་ཀྱིས་སློབ་གསོ་ལ་བཅངས་བའི་རེ་སྒུག་གསར་པ་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་གནས་བབ་གསར་པ་དང་བསྟུན་ནས། རྨང་གཞིའི་སློབ་གསོའི་སྤུས་ཚད་ཕྱོགས་ཡོངས་ནས་ཇེ་མཐོར་གཏོང་དགོས། རྨང་གཞིའི་སློབ་གསོའི་ཐོན་ཁུངས་ལ་གཅིག་གྱུར་འཆར་འགོད་བྱེད་ཤུགས་ཇེ་ཆེར་གཏོང་བ་དང་། མཉམ་ཁྲིད་བུ་ཕྲུག་གིས་རྒྱུན་སྡོད་ཁུལ་དུ་འདྲ་མཉམ་ངང་རྨང་གཞིའི་སློབ་གསོ་མྱོང་ཐོབ་པའི་སྲིད་ཇུས་དོན་འཁྱོལ་བྱས་ཏེ། ཞིང་སྡེའི་གཞིས་སྲུང་བྱིས་པ་དང་དཀའ་ངལ་ཡོད་པའི་བྱིས་པ་ལ་སེམས་ཁུར་དང་གཅེས་སྐྱོང་བྱེད་ཤུགས་ཇེ་ཆེར་གཏོང་བ། གྲོང་ཁྱེར་དང་གྲོང་གསེབ་བར། ཁུལ་ཁོངས་བར། སློབ་གྲྭ་བར། ཚོགས་པ་བར་བཅས་ཀྱི་བར་ཁྱད་རིམ་བཞིན་ཇེ་ཆུང་དུ་གཏོང་དགོས། མི་གསོ་སྐྱོང་བྱེད་སྟངས་དང་སློབ་གཉེར་བྱེད་སྟངས། དོ་དམ་སྒྲིག་སྲོལ། འགན་སྲུང་རྐྱེན་སྲོལ་བཅས་ཀྱི་བཅོས་སྒྱུར་ལ་ཧུར་ཐག་གིས་སྐུལ་འདེད་བཏང་ནས། སློབ་གཉེར་གྱི་གསོན་ཤུགས་སྔར་ལས་ལེགས་པར་སྐུལ་སློང་བྱེད་དགོས།
གྲོས་ཚོགས་ཐོག་ད་དུང་དོན་དག་གཞན་པར་ཞིབ་འཇུག་བྱས།