
ཟླ5པའི་ཚེས20ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོ་རུ་ཨུ་རུ་སུའི་སྲིད་འཛིན་ཕུའུ་ཅིན་དང་གྲོས་མོལ་གནང་རྗེས་གསར་འགོད་པར་ཐུག་འཕྲད་གནང་།
ཞི་ཅིན་ཕིང་གིས་འདི་ནི་སྲིད་འཛིན་ཕུའུ་ཅིན་གྱིས་ཀྲུང་གོར་འཚམས་འདྲི་གནང་ཐེངས་ཉེར་ལྔ་པ་ཡིན་ལ། དེས་ཀྲུང་ཨུའི་འབྲེལ་བའི་ཆུ་ཚད་མཐོ་བ་དང་དམིགས་བསལ་རང་བཞིན་གང་ལེགས་སྒོས་མངོན་ཡོད། འདིའི་སྔོན་དུ། ངས་སྲིད་འཛིན་ཕུའུ་ཅིན་དང་མཛའ་མཐུན་གཏིང་ཟབ་ཅིང་གྲུབ་འབྲས་ལྡན་པའི་གྲོས་མོལ་གནང་སྟེ། གནད་དོན་གལ་ཆེན་རབ་དང་རིམ་པའི་ཐད་ནས་འཐབ་ཇུས་འབྲེལ་འདྲིས་གནང་། ང་ཚོས་རྒྱལ་ཁབ་གཉིས་ཀྱི་ཁྱོན་ཡོངས་འཐབ་ཇུས་རོགས་ལས་ལ་སྔར་ལས་ཤུགས་སྣོན་པ་དང་ཁྱིམ་མཚེས་རྒྱལ་ཁབ་བར་གྱི་མཛའ་མཐུན་མཉམ་ལས་གཏིང་ཟབ་ཏུ་སྤེལ་བའི་སྐོར་གྱི་མཉམ་འབྲེལ་གསལ་བསྒྲགས་སྟེང་ཐུན་མོང་སྒོས་མཚན་རྟགས་བཀོད་དེ། ཕྱོགས་གཉིས་ཀྱི་མཉམ་ལས་ཡིག་ཆ་གལ་ཆེན་མང་པོ་བཞག་པར་བདེན་དཔང་བྱས་པ་བསྟན། རྒྱལ་ཁབ་གཉིས་ཀྱིས་ད་དུང་འཛམ་གླིང་སྣེ་མང་ཅན་དང་རྣམ་པ་གསར་བའི་རྒྱལ་སྤྱིའི་འབྲེལ་བ་དར་སྤེལ་གཏོང་བའི་སྐོར་གྱི་མཉམ་འབྲེལ་གསལ་བསྒྲགས་སྤེལ་རྒྱུ་རེད།
ཞི་ཅིན་ཕིང་གིས་ད་ལོ་ནི་ཀྲུང་ཨུའི་འཐབ་ཇུས་རོགས་ལས་གྲོགས་པོའི་འབྲེལ་བ་བཙུགས་ནས་ལོ་ངོ30འཁོར་བའི་ལོ་ཡིན་ལ། ལོ་ངོ་སུམ་བཅུའི་རིང་། ཀྲུང་ཨུའི་འབྲེལ་བས་ངལ་བ་ཁྱད་བསལ་དང་དུས་བསྟུན་མདུན་སྐྱོད་བྱས་པས། འབྲེལ་བའི་གཏན་གནས་མུ་མཐུད་དུ་ཇེ་ལེགས་སུ་སོང་ཡོད་པ་མ་ཟད། དུས་རབས་གསར་པའི་ཁྱོན་ཡོངས་འཐབ་ཇུས་རོགས་ལས་གྲོགས་པོའི་འབྲེལ་བའི་ལོ་རྒྱུས་ཀྱི་ཆེས་མཐོ་བའི་ཆུ་ཚད་དུ་སླེབས་ཡོད་པ་དང་། རྣམ་པ་གསར་བའི་རྒྱལ་ཁབ་ཆེན་པོའི་འབྲེལ་བའི་དཔེ་མཚོན་བཙུགས་ཡོད། ད་ལོ་ནི《ཀྲུང་ཨུའི་ཁྱིམ་མཚེས་མཛའ་མཐུན་མཉམ་ལས་ཆིངས་ཡིག》བཞག་ནས་ལོ་25འཁོར་བའི་ལོ་ཡང་ཡིན། ལོ་མང་པོའི་རིང་། རྒྱལ་ཁབ་གཉིས་ཀྱིས་ཆིངས་ཡིག་ལས་གཏན་ལ་ཕབ་པའི“མནའ་འབྲེལ་མི་བྱེད་པ་དང་འགྲན་རྒོལ་མི་བྱེད་པ། ཕྱོགས་གསུམ་པར་མི་དམིགས་པ”བཅས་ཀྱི་རྩ་དོན་ཐོག་མཐའ་བར་གསུམ་དུ་བརྩི་སྲུང་ནན་མོ་བྱས་པ་མ་ཟད། འདྲ་མཉམ་གྱི་ལྟ་སྟངས་འཛིན་པ་དང་ཕན་ཚུན་ལ་བརྩི་འཇོག་བྱེད་པ། ཁ་དན་ཚིག་ལ་གནས་པ། མཉམ་ལས་མཉམ་རྒྱལ་བཅས་རྒྱུན་འཁྱོངས་བྱས་ཏེ། རྒྱལ་སྤྱིའི་དྲང་བདེན་སྲུང་སྐྱོང་དང་རྒྱལ་སྤྱིའི་འབྲེལ་བ་གསར་པ་འཛུགས་པར་སྐུལ་འདེད་གཏོང་ཆེད་བྱས་རྗེས་གལ་ཆེན་བཞག་པ་མ་ཟད། འཛམ་གླིང་གི་ལོ་བརྒྱའི་འཕོ་འགྱུར་ཁྲོད་ཀྱི་འགག་རྩའི་བརྟན་ཚད་དུ་གྱུར་ཡོད་པ་བསྟན།
ཞི་ཅིན་ཕིང་གིས་ང་དང་སྲིད་འཛིན་ཕུའུ་ཅིན་གཉིས་ཀྱི་ཐུན་མོང་གི་འཐབ་ཇུས་སྣེ་ཁྲིད་འོག ཀྲུང་ཨུའི་འབྲེལ་བ་འགོ་རྩོམ་ས་གསར་པ་ཞིག་ཏུ་སླེབས་ཡོད་པས། ཕྱོགས་གཉིས་ཀྱིས་ཞི་བདེ་དང་འཕེལ་རྒྱས། མཉམ་ལས། མཉམ་རྒྱལ་བཅས་ཀྱི་དུས་རབས་ཀྱི་རླབས་རྒྱུན་དང་བསྟུན་ནས། ཀྲུང་ཨུའི་འབྲེལ་བ་སྤུས་ཚད་སྔར་ལས་མཐོ་བའི་འཕེལ་རྒྱས་ཡོང་རྒྱུར་སྐུལ་འདེད་གཏོང་དགོས་པ་བསྟན།
གཅིག་ནི་སྤུས་ཚད་སྔར་ལས་མཐོ་བའི་ཆབ་སྲིད་ཐད་ཕན་ཚུན་གྱི་ཡིད་ཆེས་ཇེ་བརྟན་དུ་བཏང་སྟེ། ཕན་ཚུན་འཐབ་ཇུས་ཀྱི་རྒྱབ་སྐྱོར་ཇེ་བརྟན་དུ་བཏང་། ཆབ་སྲིད་ཐད་ཕན་ཚུན་ལ་ཡིད་ཆེས་བྱེད་པ་ནི་ཀྲུང་ཨུའི་འབྲེལ་བའི་ཆེས་མངོན་གསལ་གྱི་ཁྱད་ཆོས་ཤིག་ཡིན་པ་མ་ཟད། 《ཀྲུང་ཨུའི་ཁྱིམ་མཚེས་རྒྱལ་ཁབ་བར་གྱི་མཛའ་མཐུན་མཉམ་ལས་ཆིངས་ཡིག》གི་དམིགས་ཡུལ་དང་རྩ་བའི་རྩ་དོན་ཡང་ཡིན། ང་དང་ཙུང་ཐུང་ཕུའུ་ཅིན་གཉིས་ཀྱིས་ཆིངས་ཡིག་འདི་མུ་མཐུད་དུ་དུས་འགྱངས་བྱ་རྒྱུའི་ཐག་བཅད་ཡོད། ཕྱོགས་གཉིས་ཀྱིས་མུ་མཐུད་དུ་སྔ་འཛིན་ཕྱི་གཏོད་དང་། ཕན་ཚུན་གྱི་ལྟེ་བའི་ཁེ་ཕན་དང་འབྲེལ་བ་ཡོད་པ་དང་དོ་ཁུར་བྱེད་པའི་གནད་དོན་གལ་ཆེན་ཐད་སྔར་ལས་ལྷག་པའི་སྒོ་ནས་ཕན་ཚུན་ལ་རྒྱབ་སྐྱོར་དང་། འཐབ་ཇུས་འབྲེལ་འདྲིས་དང་རིམ་པ་སོ་སོའི་འབྲེལ་འདྲིས་མུ་མཐུད་དུ་དམ་ཟབ་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་ཆབ་སྲིད་ཐད་ཕན་ཚུན་ལ་ཡིད་ཆེས་བྱེད་པའི་རྨང་གཞི་ཇེ་བརྟན་དུ་གཏོང་དགོས།
གཉིས་ནི་སྤུས་ཚད་སྔར་ལས་མཐོ་བའི་གཉིས་ཕན་མཉམ་ལས་བྱས་ཏེ། ལག་གདང་སྦྲེལ་ནས་རང་སོ་སོའི་འཕེལ་རྒྱས་དང་དར་རྒྱས་ལ་སྐུལ་འདེད་བཏང་། ཉེ་བའི་ལོ་ཤས་རིང་། ཀྲུང་ཨུ་རྒྱལ་ཁབ་གཉིས་ཀྱི་ཁྱབ་ཁོངས་སོ་སོའི་མཉམ་ལས་མུ་མཐུད་དུ་མདུན་དུ་བསྐྱོད་པས། དགེ་མཚན་ལྡན་པའི་གྲུབ་འབྲས་མང་པོ་བླངས་ཡོད། ཕྱོགས་གཉིས་ཀྱི་ཉོ་ཚོང་གྲངས་འབོར་བསྟུད་མར་ལོ་གསུམ་ལ་ཨ་སྒོར་ཁྲག་ཁྲིག་གཉིས་ལས་བརྒལ་བ་དང་། ད་ལོའི་ཟླ་དང་པོ་ནས་བཞི་པའི་བར་ཕྱོགས་གཉིས་ཀྱི་ཉོ་ཚོང་གྲངས་འབོར20%ལ་ཉེ་བ་འཕར་ཡོད། ཕྱོགས་གཉིས་ཀྱིས་གནས་བབ་དང་བསྟུན་ཏེ། ཀྲུང་གོའི“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”འཆར་འགོད་དང་ཨུ་རུ་སུའི2030ལོའི་སྔོན་གྱི་འཕེལ་རྒྱས་འཐབ་ཇུས་དང་སྦྲེལ་མཐུད་གཏིང་ཟབ་སྒོས། ཁྱབ་ཁོངས་སོ་སོའི་གཉིས་ཕན་མཉམ་ལས་ཀྱི་སྤུས་ཚད་དང་རིམ་པ་མཐོ་རུ་གཏོང་རྒྱུར་སྐུལ་འདེད་བཏང་སྟེ། རྒྱལ་ཁབ་གཉིས་ཀྱི་རང་རང་སོ་སོའི་འཕེལ་རྒྱས་དང་དར་རྒྱས་ལ་ཞབས་ཞུ་བསྒྲུབས།
གསུམ་ནི་སྤུས་ཚད་སྔར་ལས་མཐོ་བའི་དམངས་སེམས་གཅིག་མཐུན་ལ་སྐུལ་འདེད་བཏང་ནས། རྒྱལ་ཁབ་གཉིས་ཀྱི་མི་རབས་ནས་མི་རབས་བར་གྱི་མཛའ་མཐུན་རྨང་གཞི་ཇེ་བརྟན་དུ་བཏང་། ཀྲུང་ཨུ་གཉིས་ཀྱི་འབྲེལ་བ་ཆུ་ཚད་མཐོ་བར་འཕེལ་རྒྱས་སོང་བ་དང་བསྟུན་ནས། རྒྱལ་ཁབ་གཉིས་ཀྱི་མི་ཚུལ་འགྲོ་འོང་མུ་མཐུད་དུ་ཇེ་དམ་དུ་བཏང་བ་མ་ཟད། དམངས་སེམས་གཅིག་ཏུ་སྒྲིལ། ང་དང་སྲིད་འཛིན་ཕུའུ་ཅིན་གཉིས་ཀྱིས་ད་ལོ་དང་སང་ལོར་རྒྱལ་ཁབ་གཉིས་ཀྱི་རྒྱལ་ཁབ་རིམ་པའི་བརྗོད་དོན་གཙོ་བོའི་ལོ་ཐེངས་བཅུ་པ་སྟེ། “ཀྲུང་ཨུའི་སློབ་གསོའི་ལོ”སྤེལ་རྒྱུའི་ཐག་བཅད། ཕྱོགས་གཉིས་ཀྱིས་“སློབ་གསོའི་ལོ”དེ་གོ་སྐབས་སུ་བཟུང་སྟེ། ཕྱོགས་གཉིས་ནས་ཕྱི་རྒྱལ་དུ་སློབ་སྦྱོང་བྱེད་པའི་གཞི་ཁྱོན་མུ་མཐུད་དུ་ཆེ་རུ་གཏོང་བ་དང་། མཐོ་རིམ་སློབ་གྲྭ་དང་ཚན་ཞིབ་ལས་སྟེགས་ཀྱི་སྤེལ་རེས་དང་མཉམ་ལས་གཏིང་ཟབ་ཏུ་བཏང་སྟེ། ཕུལ་བྱུང་འཇོན་མི་གསོ་སྐྱོང་དང་མཉམ་འབྲེལ་ཚན་ཞིབ་འགག་སྒྲོལ་སོགས་ཀྱི་ཐད་མཐོང་རུང་བའི་གྲུབ་འབྲས་སྔར་ལས་མང་པོ་བླངས་ཏེ། ཀྲུང་ཨུའི་འབྲེལ་བ་མུ་མཐུད་དུ་འཕེལ་རྒྱས་འགྲོ་ངར་སྔར་ལས་ལེགས་པའི་ཆ་རྐྱེན་བསྐྲུན་དགོས།
བཞི་ནི་སྤུས་ཚད་སྔར་ལས་མཐོ་བའི་རྒྱལ་སྤྱིའི་རོགས་ལས་བྱས་ཏེ། འཛམ་གླིང་བཅོས་སྐྱོང་བཅོས་བསྒྱུར་དང་འཐུས་ཚང་དུ་བཏང་། དེང་སྐབས་ཀྱི་འཛམ་གླིང་བདེ་འཇགས་མིན་ལ། ཕྱོགས་རྐྱང་རིང་ལུགས་དང་བཙན་དབང་རིང་ལུགས་ཀྱི་གནོད་ཐེབས་ཧ་ཅང་ཆེ་པས། དྲག་ཤུགས་ལ་བརྟེན་ནས་བརྙས་བཅོས་བྱེད་པའི་ཀླ་ཀློའི་དུས་རབས་སུ་སླེབས་པའི་ཉེན་ཁ་ཡོད། མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ལས་འགན་རྒྱུན་འཛིན་བྱེད་པའི་རྒྱལ་ཁབ་ཡིན་པའི་ཆ་ནས། ཀྲུང་ཨུ་རྒྱལ་ཁབ་གཉིས་ཀྱིས་རྒྱལ་ཁབ་ཆེན་པོའི་འགན་འཁྲི་འཁུར་སེམས་ལག་ཏུ་བསྟར་ཏེ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དབང་གྲགས་དང་རྒྱལ་སྤྱིའི་དྲང་བདེན་ལ་སྲུང་སྐྱོང་བྱ་དགོས་ཤིང་། ཕྱོགས་རྐྱང་པའི་བཙན་བརྙས་དང་ལོ་རྒྱུས་ཕྱིར་བཤོལ་བྱེད་པའི་སྤྱོད་ངན་མཐའ་དག་ལ་ངོ་རྒོལ་བྱ་དགོས། ལྷག་པར་དུ་འཛམ་གླིང་འཁྲུག་ཆེན་གཉིས་པའི་རྒྱལ་ཁའི་གྲུབ་འབྲས་ཁས་མི་ལེན་པ་དང་། ཧྥ་ཞི་སི་དང་དམག་རྒྱལ་རིང་ལུགས་ཀྱི“བསམ་བློ་རྙིང་བ་ཡང་བསྐྱར་དར་བའི”འཁྲུག་རྐྱེན་སློང་བའི་བྱ་སྤྱོད་ཐ་དག་ལ་ངོ་རྒོལ་བྱས་ནས། སྔར་ལས་གཞུང་དྲང་དང་ལུགས་མཐུན་གྱི་འཛམ་གླིང་བཅོས་སྐྱོང་མ་ལག་འཛུགས་རྒྱུར་ཐུན་མོང་སྒོས་སྐུལ་འདེད་གཏོང་དགོས།
ཕུའུ་ཅིང་གིས་བསྟན་དོན། ཐེངས་འདིའི་འཚམས་འདྲི་ནི《ཨུ་ཀྲུང་ཁྱིམ་མཚེས་རྒྱལ་ཁབ་བར་གྱི་མཛའ་བརྩེ་མཉམ་ལས་ཆིངས་ཡིག》ལ་མིང་རྟགས་བཀོད་ནས་ལོ25འཁོར་བའི་དུས་སྐབས་གལ་ཆེན་ཞིག་ཡིན་པ་དང་། ཆིངས་ཡིག་དེས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་ཕྱོགས་ཡོངས་ནས་འཕེལ་རྒྱས་འགྲོ་བར་རྨང་གཞི་བཏིང་ཡོད། དེང་སྐབས་ཨུ་ཀྲུང་གི་འབྲེལ་བ་སྔར་བྱུང་མ་མྱོང་བའི་ཆུ་ཚད་མཐོན་པོར་གནས་ཡོད། རྒྱལ་ཁབ་གཉིས་ཀྱིས་ཐོག་མཐའ་བར་གསུམ་དུ་ཕན་ཚུན་བརྩི་འཇོག་དང་། འདྲ་མཉམ་རོགས་རེས། ཕན་ཚུན་རྒྱབ་སྐྱོར་བཅས་ཀྱི་སྙིང་སྟོབས་རྒྱུན་འཁྱོངས་བྱས་ནས། ཕྱོགས་གཉིས་ཀྱི་མཉམ་ལས་རྒྱུན་མཐུད་ངང་འཕེལ་རྒྱས་གཏིང་ཟབ་ཡོང་བར་སྐུལ་འདེད་བཏང་། ཨུ་ཀྲུང་འབྲེལ་བ་འཕེལ་རྒྱས་འགྲོ་རྒྱུར་ནང་གནས་ཀྱི་སྒུལ་ཤུགས་ཆེན་པོ་ལྡན། རྒྱལ་ཁབ་གཉིས་ཀྱི་མཉམ་ལས་དེ་ཕྱོགས་གསུམ་པར་མི་དམིགས་པ་དང་། ཆབ་སྲིད་འགྱུར་ལྡོག་གི་ཤུགས་རྐྱེན་ཡང་ཐེབས་མི་སྲིད། ཀྲུའུ་ཞི་ཞི་ཅིན་ཕིང་དང་ངེད་གཉིས་ཀྱིས་སྤྲོ་སེམས་འཁོལ་བའི་མཛའ་མཐུན་གྱི་རྣམ་པའི་ཁྲོད་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་ཁྲོད་ཀྱི་རྒྱ་ཆེ་བའི་གལ་ཆེའི་གྲོས་གཞིར་དམིགས་ནས། སྤེལ་རེས་གཏིང་ཟབ་བྱས་པ་དང་། མ་འོངས་པའི་མཉམ་ལས་ཁ་ཕྱོགས་གསལ་བོ་བྱས། ཨུ་རུ་སུ་ཕྱོགས་ནི་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་འབྱུང་འགྱུར་ལ་ཡིད་ཆེས་ཀྱིས་ཁེངས་ཡོད་ཅིང་། ཀྲུང་གོ་ཕྱོགས་དང་ལག་གདང་སྦྲེལ་ནས་གྲོགས་པོའི་འབྲེལ་བ་དང་ཁྱིམ་མཚེས་རྒྱལ་ཁབ་བར་གྱི་མཛའ་མཐུན་འབྲེལ་བ་ཇེ་ཟབ་ཏུ་གཏོང་བ་དང་། དམངས་སེམས་གཅིག་མཐུན་ལ་ཤུགས་སྣོན་པ། རང་སོ་སོའི་འཕེལ་རྒྱས་དར་རྒྱས་དང་། མི་དམངས་ཀྱི་བདེ་སྐྱིད་ལ་རོགས་རམ་བཅས་བྱ་རྒྱུ་ཡིན། ཨུ་རུ་སུ་དང་ཀྲུང་གོས་རྒྱལ་སྤྱིའི་གར་སྟེགས་ཐོག་འཐབ་ཇུས་མཉམ་ལས་དམ་ཟབ་རྒྱུན་འཁྱོངས་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་འཛིན་གྱི་དམིགས་ཡུལ་རྩ་དོན་ལ་གཞིགས་ནས། གོ་ལ་ཧྲིལ་པོའི་བདེ་འཇགས་བརྟན་བརླིང་ལ་ཐུན་མོང་ཐོག་སྲུང་སྐྱོང་བྱ་རྒྱུ་ཡིན།
ཚའེ་ཆི་དང་། ཏིན་ཞུའེ་ཞང་། ཝང་དབྱི། ཧི་ལི་ཧྥུང་། ཀྲང་གོ་ཆིན། ཧྲིན་དབྱི་ཆིན་སོགས་བྱེད་སྒོར་ཞུགས།