
ཟླ5ཚེས20ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཨུ་རུ་སུའི་སྲིད་འཛིན་ཕུའུ་ཅིན་གཉིས་མཉམ་དུ་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོ་རུ་ཀྲུང་ཨུའི་སློབ་གསོ་ལོའི་འགོ་རྩོམ་མཛད་སྒོར་ཞུགས།
རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲའི་ཁྲོད་མཉམ་དུ་ཚོགས་རར་ཕེབས།
ཞི་ཅིན་ཕིང་གིས་ཐོག་མར་ཤིས་ཚིག་ཕུལ། ཞི་ཅིན་ཕིང་གིས་བསྟན་དོན། ད་ལོ་ནི་ཀྲུང་ཨུའི་འཐབ་ཇུས་རོགས་ལས་གྲོགས་པོའི་འབྲེལ་བ་བཙུགས་ནས་ལོ30འཁོར་བ་དང《ཀྲུང་ཨུའི་ཁྱིམ་མཚེས་མཛའ་མཐུན་མཉམ་ལས་ཆིངས་ཡིག》ལ་མཚན་རྟགས་བཀོད་ནས་ལོ25འཁོར་བའི་ལོ་ཡིན། དམིགས་བསལ་གྱི་དོན་སྙིང་ལྡན་པའི་ལོ་འདི་འདྲ་ཞིག་ལ“ཀྲུང་ཨུའི་སློབ་གསོ་ལོའི”བྱེད་སྒོ་འགོ་བརྩམས་པ་ནི། ང་དང་སྲིད་འཛིན་ཕུའུ་ཅིན་གཉིས་ཀྱིས་ཀྲུང་ཨུའི་འབྲེལ་བ་ཡུན་རིང་འཕེལ་རྒྱས་གཏོང་བར་དམིགས་ནས་བཏོན་པའི་འཐབ་ཇུས་ཀྱི་བཀོད་སྒྲིག་ཅིག་ཡིན། སློབ་གསོ་ནི་རྒྱལ་ཁབ་དང་རྒྱལ་ཁབ་བར་གྱི་དམངས་སེམས་སྦྲེལ་མཐུད་དང་མཛའ་བཤེས་རྒྱུན་འཛིན་བྱེད་པའི་འབྲེལ་ཟམ་གལ་ཆེན་དང་། དེང་ལ་བྱས་རྗེས་ཆེ་ཞིང་ཡུན་རིང་ལ་ཕན་པའི་བླ་མེད་ཀྱི་ལས་དོན་ཞིག་ཡིན། དུས་ཡུན་རིང་པོའི་ནང་། ཀྲུང་ཨུའི་སློབ་གསོའི་མཉམ་ལས་རྒྱུན་མཐུད་ངང་གཏིང་ཟབ་ཏུ་ཕྱིན་པ་དང་ཕན་འབྲས་མངོན་གསལ་བླངས་ལ། ཀྲུང་ཨུའི་དུས་རབས་གསར་པའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ལས་གྲོགས་པོའི་འབྲེལ་བའི་ནང་དོན་ཕུན་སུམ་ཇེ་ཚོགས་སུ་བཏང་། ཕྱོགས་གཉིས་ཀྱིས་ཀྲུང་ཨུའི་སློབ་གསོའི་ལོ་གོ་སྐབས་སུ་བརྩིས་ནས། མཉམ་ལས་ཀྱི་ཐུན་མོང་ལྟ་བ་སྔར་ལས་གཅིག་སྒྲིལ་དང་མཉམ་ལས་ཀྱི་ཁྱབ་ཁོངས་རྒྱ་བསྐྱེད། མཉམ་ལས་ཀྱི་ཆུ་ཚད་མཐོ་འདེགས་གཏོང་དགོས།
ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། སློབ་གསོ་དར་ན་རྒྱལ་ཁབ་དར་བ་དང་། སློབ་གསོ་སྟོབས་ལྡན་དུ་ཕྱིན་ན་རྒྱལ་ཁབ་སྟོབས་ལྡན་དུ་འགྱུར་ངེས། ཀྲུང་གོ་དང་ཨུ་རུ་སུས་འཇོན་མི་གསོ་སྐྱོང་ཐད་ཀྱི་མཉམ་ལས་གཏིང་ཟབ་ཏུ་བཏང་ནས། མཉམ་དུ་རྒྱལ་སྤྱིའི་རྩེར་སོན་འཇོན་མིའི་དཔུང་སྡེ་དང་རྒྱལ་ཁབ་ཀྱི་འཐབ་ཇུས་ཚན་རྩལ་སྟོབས་ཤུགས་གསོ་སྐྱོང་བྱེད་པ་དང་། ལག་གདང་སྦྲེལ་ནས་མདུན་གྲལ་གྱི་ཚན་རིག་དཀའ་གནད་འགག་སྒྲོལ་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་གསར་གཏོད་འཕེལ་རྒྱས་ལ་རམ་འདེགས་བྱེད་དགོས། ཤེས་དཔལ་ཐད་ནས་ཕན་ཚུན་དཔྱད་གཞིར་འཛིན་པའི་འདུ་ཤེས་ལག་བསྟར་བྱེད་པ་དང་། ཤེས་དཔལ་རྒྱུན་འཛིན་དང་སློབ་གསོ་བཅོས་སྐྱོང་གི་ཉམས་མྱོང་བརྗེ་རེས་ལ་སྐུལ་འདེད་བཏང་ནས། མཉམ་དུ་བྱ་བའི་ཆུ་ཚད་མཐོ་རུ་གཏོང་དགོས། སྲོལ་རྒྱུན་མཛའ་མཐུན་གྱི་བརྩེ་བ་རྒྱུན་འཛིན་བྱེད་པ་དང་། སློབ་གསོ་མཉམ་ལས་ཀྱི་བག་ཤུགས་སྔར་ལས་ཆེ་རུ་བསྐྱེད་པ། རྒྱལ་ཁབ་གཉིས་ཀྱི་མང་ཚོགས་བར་རྒྱུས་ལོན་དང་མཛའ་མཐུན་ཡོང་བར་སྐུལ་འདེད་བཏང་སྟེ། ན་གཞོན་ལོ་ཆུང་གིས་སྤེལ་རེས་གཏིང་ཟབ་བྱེད་པའི་ཁྲོད་མཛའ་བཤེས་ཇེ་ཟབ་ཏུ་གཏོང་བ་དང་། ཀྲུང་ཨུའི་ཡུན་རིང་མཛའ་མཐུན་གྱི་རྒྱུན་འཛིན་པ་གསོ་སྐྱོང་བྱ་དགོས། ཕྱོགས་གཉིས་ཀྱིས་ཐུན་མོང་འབད་བརྩོན་འོག ཀྲུང་ཨུའི་སློབ་གསོའི་ལོར་རྒྱལ་ཁ་ཐོབ་པར་ཡིད་ཆེས་ཡོད།
ཕུའུ་ཅིང་གིས་བསྟན་དོན། སློབ་གསོའི་མཉམ་ལས་ནི་རྒྱལ་ཁབ་གཉིས་ཀྱི་ཕྱོགས་ཡོངས་འཐབ་ཇུས་རོགས་ལས་གྲོགས་པོའི་འབྲེལ་བའི་མེད་དུ་མི་རུང་བའི་གྲུབ་ཆ་གལ་ཆེན་ཞིག་ཡིན་པས། “ཨུ་ཀྲུང་སློབ་གསོའི་ལོའི”བྱེད་སྒོ་སྤེལ་བར་ལམ་ཚད་རྡོ་རིང་ལྟ་བུའི་དོན་སྙིང་གལ་ཆེན་ལྡན། ཨུ་ཀྲུང་རྒྱལ་ཁབ་གཉིས་ཀྱིས་སློབ་གསོར་མཐོང་ཆེན་བྱེད་པ་དང་། སློབ་གསོ་དེ་མི་སྒེར་གྱི་འཕེལ་རྒྱས་ལ་མཚོན་ནས་བཤད་ན་ཧ་ཅང་གལ་འགངས་ཆེ་བ་མ་ཟད། རྒྱལ་ཁབ་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་རྨང་གཞི་དེ་བས་ཀྱང་ཡིན། “ཨུ་ཀྲུང་སློབ་གསོའི་ལོའི”བྱེད་སྒོའི་ནང་དོན་ཕུན་སུམ་ཚོགས་ཤིང་གཞི་ཁྱོན་ཧ་ཅང་ཆེ། ཨུ་རུ་སུ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་སློབ་གསོའི་མཉམ་ལས་ལ་ཤུགས་སྣོན་པ་དང་། ན་གཞོན་ཕན་ཚུན་བར་གྱི་རྒྱུས་ལོན་ཇེ་ཟབ་ཏུ་བཏང་ནས། ཨུ་རུ་སུ་དང་ཀྲུང་གོའི་མཛའ་མཐུན་ལས་དོན་ལ་རྒྱུན་འཛིན་མཁན་ཡོད་པ་དང་། ཨུ་ཀྲུང་གི་འབྲེལ་བའི་ཐད་ནས་འཕེལ་རྒྱས་སྔར་ལས་ཆེན་པོ་འབྱུང་བར་སྐུལ་འདེད་གཏོང་འདོད་ཡོད།
རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱིས“ཀྲུང་ཨུའི་སློབ་གསོའི་ལོའི”རྟགས་མཚན་གྱི་ཡོལ་རས་ཕྱེ།
ཚའེ་ཆི་དང་ཏིང་ཞུའེ་ཞང་། ཝང་དབྱི། ཧོ་ལི་ཧྥེང་། ཀྲང་གོ་ཆིང་། ཧྲིན་དབྱི་ཆིན་སོགས་འགོ་རྩོམ་མཛད་སྒོར་ཞུགས།