
ཟླ5པའི་ཚེས21ཉིན། ལི་ཆང་གིས་འགོ་འཛིན་མཛད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས། རྒྱལ་ཡོངས་གཅིག་གྱུར་ཁྲོམ་ར་ཆེན་པོའི་འཛུགས་སྐྲུན་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་འབྲེལ་ཡོད་བྱ་བར་ཞིབ་འཇུག་དང་ལས་སྐུལ་བྱས་ཤིང་། 《དེང་རབས་ཅན་གྱི་འཕྲལ་སྡོམ་མ་ལག་འཛུགས་སྐྱོང་གི་ལོ་ལྔའི་འཆར་འགོད་བཅོ་ལྔ་པ》ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུང་གོའི་མི་དམངས་དངུལ་ཁང་གི་བཅའ་ཁྲིམས་ཀྱི་བཟོ་བཅོས་འཆར་ཟིན》ལ་གྲོས་བསྡུར་བྱས།
གྲོས་ཚོགས་ལས། རྒྱལ་ཡོངས་གཅིག་གྱུར་ཁྲོམ་ར་ཆེན་མོ་འཛུགས་སྐྲུན་བྱ་རྒྱུ་ནི་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་པ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་དགོས་མཁོ་ལས་བྱུང་བ་ཡིན། ཉེ་བའི་ལོ་ཤས་རིང་། རྒྱལ་ཡོངས་གཅིག་གྱུར་ཁྲོམ་ར་ཆེན་མོའི་འཛུགས་སྐྲུན་ཐད་ཕན་འབྲས་དང་འཕེལ་རྒྱས་གལ་ཆེན་བྱུང་ཡོད་མོད། འོན་ཀྱང་སྔར་བཞིན་མུ་མཐུད་ཤུགས་སྣོན་པ་དང་སྙིང་རུས་གཏན་འཁྱོངས་བྱེད་དགོས། འབྲེལ་ཡོད་ལམ་ལུགས་འཛུགས་སྐྱོང་ལ་སྐུལ་འདེད་གཏིང་ཟབ་གཏོང་དགོས་ཏེ། ཐོན་དབང་སྲུང་སྐྱོབ་དང་ཁྲོམ་རར་ཞུགས་འཐུས། དྲང་གཞག་འགྲན་རྩོད། སྤྱི་ཚོགས་ཡིད་རྟོན། ཁྲོམ་ར་ཕྱིར་འཐེན་སོགས་ཀྱི་ལམ་ལུགས་སྔར་ལས་འཐུས་ཚང་དུ་གཏོང་བ་དང་། བསྲུང་བྱའི་སྒྲིག་ལམ་ཡོད་པ་དང་ཁུངས་འདེད་སའི་བཅའ་ཁྲིམས་ཡོད་པར་བྱེད་དགོས། ཁྲོམ་རའི་སྒྲིག་བཀོད་ཀྱི་ཚད་གཞི་མཐོ་བའི་སྦྲེལ་མཐུད་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏིང་ཟབ་གཏོང་དགོས་པ་དང་། དཔལ་འབྱོར་འཁོར་རྒྱུག་ཤར་བགྲོད་ཐུབ་པར་གཏོང་བ་དང་། སྤྱི་ཚོགས་ཡོངས་ཀྱི་ཟོང་འགྲུལ་མ་རྩའི་འགྲོ་སོང་ཇེ་དམའ་རུ་གཏོང་དགོས། ཁྱབ་ཁོངས་གཙོ་བོའི་ཁྲོམ་ར་གཅིག་གྱུར་ཡོང་བར་སྐུལ་འདེད་གཏིང་ཟབ་གཏོང་དགོས་པ་དང་། གནད་གཅིག་གིས་ཕྱོགས་ཡོངས་སྐུལ་ཁྲིད་དང་གནད་འགག་དང་ཕྱོགས་ཡོངས་བར་ཟུང་འབྲེལ་བྱས་ནས་མང་ཚོགས་དང་ཁེ་ལས་ཀྱིས་དེའི་སྐོར་སྔར་ལས་ཚོར་སླ་བ་དང་སྒྲུབ་སླ་བར་བྱེད་དགོས། སྒྲུབ་ཤུགས་སྔར་ལས་ཆེ་བའི་སྒོ་ནས་འགག་གནད་སེལ་བ་དང་། ཕྱིར་མངོན་པ་དང་མ་མངོན་པའི་བཀག་རྒྱ་སྣ་ཚོགས་མེད་པར་བཟོས་ནས། ཁྲོམ་རའི་གསོན་ཤུགས་དང་སྦས་ཤུགས་འདོན་སྤེལ་གང་ལེགས་བྱེད་དགོས་པ་བསྟན།
གྲོས་ཚོགས་ལས། འཕྲལ་སྡོམ་དོ་དམ་ནི་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་དང་འབྲེལ་བ་དང་། བཅོས་སྒྱུར་འཕེལ་རྒྱས་བརྟན་ལྷིང་ཡིན་པའི་སྤྱི་ཡོངས་དང་ཡང་འབྲེལ་བ་ཡོད། ཚང་མས་དུས་བབ་གསར་པ་དང་བླང་བྱ་གསར་པ་དང་འཚམ་པར་བྱས་ནས། དེང་རབས་ཅན་གྱི་འཕྲལ་སྡོམ་མ་ལག་གང་མགྱོགས་འཛུགས་སྐྲུན་བྱེད་པ་དང་། འཕྲལ་སྡོམ་དོ་དམ་གྱི་བཅོས་སྒྱུར་དང་གསར་གཏོད་ཟབ་སྤེལ་གཏོང་བ། མཐུན་སྦྱོར་གནོད་སེལ་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ། བདེ་འཇགས་ཆེན་པོ་དང་འཕྲལ་སྡོམ་ཆེན་པོའི་རྣམ་པ་འཛུགས་པར་སྐུལ་འདེད་གཏོང་དགོས། ཉེན་ཁའི་འབྱུང་རྩ་ལ་དོ་དམ་ཚོད་འཛིན་བྱ་རྒྱུ་འབུར་དུ་ཐོན་པར་བྱས་ནས། ལྟ་ཞིབ་ཚད་ལེན་དང་སྔོན་བརྡ་གཏོང་རྒྱུར་ཤུགས་སྣོན་དགོས། ངོ་བོའི་བདེ་འཇགས་ཀྱི་ཆུ་ཚད་ཇེ་མཐོར་གཏོང་བ་དང་། བཅོས་སྐྱོང་བྱེད་སྟངས་དེ་དོན་རྐྱེན་མ་བྱུང་གོང་འགོག་པའི་རྣམ་པར་ཚུལ་སྒྱུར་བྱེད་རྒྱུ་ཇེ་མགྱོགས་སུ་གཏོང་དགོས། འཕྲལ་སྡོམ་སྟོབས་ཤུགས་ཀྱི་བཀོད་སྒྲིག་བྱས་ཚུལ་ལེགས་སྒྱུར་གཏོང་བ་དང་། གཙོ་རྒྱུ་ཀུན་གྱི་འདེགས་སྐྱོར་ལ་ཤུགས་སྣོན་པ། གཞི་རིམ་གྱི་འཕྲལ་སྡོམ་རྨང་གཞི་བརྟན་དུ་གཏོང་བ། མི་ལ་བརྟེན་པའི་འགོག་སྲུང་དང་། ལག་རྩལ་ལ་བརྟེན་པའི་འགོག་སྲུང་། ལས་གཞིར་བརྟེན་པའི་འགོག་སྲུང་། དོ་དམ་ལ་བརྟེན་པའི་འགོག་སྲུང་སོགས་ཀྱི་བྱེད་ཐབས་གཅིག་གྱུར་འཆར་འགོད་དང་དོན་འཁྱོལ་ཡག་པོ་བྱེད་དགོས། མུ་ཕྲེང་ཧྲིལ་བོའི་ཐོག་ནས་གཙོ་གནད་ལས་རིགས་ཁྱབ་ཁོངས་ཀྱི་བདེ་འཇགས་བཅོས་སྒྲིག་ལ་སྐུལ་འདེད་གཏོང་དགོས་པ་དང་། རིམ་པ་སོ་སོ་དང་ཕྱོགས་སོ་སོའི་འགན་འཁྲི་ཁ་གསལ་བཟོས་ནས། མཉམ་འཛིན་སྤྱི་འདོམས་དང་། མཐུན་སྦྱོར་མཉམ་འགུལ་གྱི་རྣམ་པ་བཟང་པོ་ཏན་ཏིག་ཅིག་ཆགས་པར་བྱེད་དགོས་པ་བསྟན།
གྲོས་ཚོགས་ལས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུང་གོའི་མི་དམངས་དངུལ་ཁང་གི་བཅའ་ཁྲིམས་ཀྱི་བཟོ་བཅོས་འཆར་ཟིན》ལ་གྲོས་བསྡུར་བྱས་ནས་རྩ་དོན་ཐོག་གྲོས་འཆམ་བྱུང་སྟེ། འཆར་ཟིན་དེ་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་དུ་གྲོས་ཞིབ་བྱ་རྒྱུར་འབུལ་བར་གཏན་འབེབས་བྱས། གྲོས་ཚོགས་ལས། ཀྲུང་གོ་མི་དམངས་དངུལ་ཁང་གི་བཅའ་ཁྲིམས་བཟོ་བཅོས་བྱེད་པ་ནི་རང་རྒྱལ་གྱི་དངུལ་རྩའི་བཅའ་ཁྲིམས་མ་ལག་འཐུས་སྒོ་ཇེ་ཚང་དུ་གཏོང་བའི་རྨང་གཞིའི་ལས་གཞི་ཞིག་ཡིན། ཚང་མས་དངུལ་རྩའི་ཁྲིམས་སྐྱོང་འཛུགས་སྐྲུན་ལ་ཤུགས་སྣོན་དགོས་པ་དང་། ཀྲུང་དབྱང་དངུལ་ཁང་གི་ལམ་ལུགས་མྱུར་དུ་འཐུས་སྒོ་ཇེ་ཚང་དུ་གཏོང་བ། ཁྲིམས་ལྟར་ཀྲུང་དབྱང་དངུལ་ཁང་གི་འགན་འཁྲི་ཁྱོན་ཡོངས་ནས་ལག་བསྟར་ཡག་པོ་བྱེད་དགོས་པ་བསྟན།