ལི་ཆང་གིས་སེར་ཝེ་ཡའི་སྲིད་འཛིན་དང་མཇལ་འཕྲད་གནང་།
ཁུངས། ཀློག་གྲངས།

ཟླ5པའི་ཚེས25ཉིན་གྱི་སྔ་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོ་རུ་ཀྲུང་གོར་རྒྱལ་དོན་འཚམས་འདྲིར་ཡོང་བའི་སེར་ཝེ་ཡའི་སྲིད་འཛིན་ཝུའུ་ཆི་ཆི་དང་མཇལ་འཕྲད་གནང་།

ལི་ཆང་གིས་བསྟན་དོན། ད་ལོ་ནི་ཀྲུང་སེར་བར་ཕྱོགས་ཡོངས་འཐབ་ཇུས་གྲོགས་པོའི་འབྲེལ་བ་བཙུགས་ནས་ལོ10འཁོར་བའི་ལོ་ཡིན། ཀྲུའུ་ཞི་ཞི་ཅིན་ཕིང་གིས་སྐུ་ཞབས་སྲིད་འཛིན་ལ་མཇལ་འཕྲད་གནང་ནས། དུས་རབས་གསར་པའི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་རྒྱུར་སྐུལ་འདེད་གཏོང་རྒྱུའི་ཐད་འཆར་འགོད་སྔར་ལས་ཞིབ་ཕྲ་གནང་། ཀྲུང་གོ་ཕྱོགས་ཀྱིས་བློ་བརྟན་འགྱུར་མེད་ངང་སེར་ཝེ་ཡ་ཕྱོགས་དང་ཕན་ཚུན་གྱི་ལྟེ་བའི་ཁེ་ཕན་ལ་རྒྱབ་སྐྱོར་བྱེད་རེས་དང་། ཉོ་ཚོང་དང་། དངུལ་གཏོང་། མི་ཚུལ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་གཏིང་ཟབ་ཏུ་སྤེལ་བ། ཧང་ག་རི་ནས་སེར་ཝེ་ཡ་བར་གྱི་ལྕགས་ལམ་སོགས་ཀྱི་གཙོ་གནད་ལས་གཞིར་སྐུལ་འདེད་ཡག་པོ་གཏོང་བ། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་སྔར་ལས་མང་བའི་ཕན་བདེ་བསྐྲུན་འདོད་ཡོད། ཕྱོགས་གཉིས་ཀྱིས་ཕྱོགས་མང་མཉམ་ལས་ལ་ཤུགས་སྣོན་དགོས་པ་དང་། འཛམ་གླིང་གི་གྲོས་འགོ་ཆེན་པོ་བཞིའི་དོན་འཁྱོལ་སྐུལ་འདེད་གཏོང་བ་དང་། སྔར་ལས་དྲང་གཞག་ལུགས་མཐུན་གྱི་འཛམ་གླིང་བཅོས་སྐྱོང་མ་ལག་བསྐྲུན་དགོས།

ཝུའུ་ཆི་ཆི་ཡིས་བསྟན་དོན། སེར་ཀྲུང་བར་གྱི་མཛའ་བརྩེ་གཏིང་ཟབ་ཡིན། སེར་ཝེ་ཡ་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་རྩ་དོན་མཐའ་གཅིག་ཏུ་དམ་སྲུང་བྱེད་པ་དང་། ཀྲུང་གོ་ཕྱོགས་དང་མཐོ་རིམ་བར་གྱི་འགྲོ་འོང་རྒྱུན་འཁྱོངས་བྱེད་པ། དཔལ་འབྱོར་ཉོ་ཚོང་དང་། ཞིང་ཟས། རྨང་གཞིའི་འཛུགས་སྐྲུན། མི་ཚུལ་སོགས་ཁྱབ་ཁོངས་ཀྱི་བརྗེ་རེས་མཉམ་ལས་གཏིང་ཟབ་ཏུ་གཏོང་བ། ཕྱོགས་མང་བར་གྱི་འབྲེལ་གཏུག་དང་མཉམ་ལས་དམ་ཟབ་ཏུ་གཏོང་བ། ཕྱོགས་མང་རིང་ལུགས་ལ་མཐའ་གཅིག་ཏུ་སྲུང་སྐྱོབ་བྱེད་པ་དང་། རྒྱལ་སྤྱིའི་དྲང་གཞག་དྲང་བདེན་སྲུང་སྐྱོང་བྱེད་འདོད་ཡོད།