མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཝུའེ་སའེ་དུས་ཆེན་སྐབས21པ་ཀྲུང་གོའི་ཝུའུ་ཞི་རུ་སྤེལ་འགོ་ཚུགས། ཝང་ཧུའུ་ཉིང་གིས་འཕྲིན་ཡིག་སྤྲིངས་ནས་རྟེན་འབྲེལ་ཞུས།
ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཝུའེ་སའེ་དུས་ཆེན་སྐབས21པ་དེ་ཟླ5ཚེས26ཉིན་ཀྲུང་གོའི་ཅང་སུའུ་ཞིང་ཆེན་ཝུའུ་ཞི་ནས་སྤེལ་འགོ་ཚུགས་ཤིང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་གིས་ཤིས་འཕྲིན་སྤྲིངས་ཏེ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཝུའེ་སའེ་དུས་ཆེན་གྱི་བྱེད་སྒོར་རྟེན་འབྲེལ་ཞུས་པ་དང་། བྱེད་སྒོར་ཞུགས་པའི་སྐུ་མགྲོན་རྣམས་ལ་འཚམས་འདྲི་ཞུས་པ་རེད།

ཝང་ཧུའུ་ཉིང་གིས་ཝུའེ་སའེ་དུས་ཆེན་ནི་འཛམ་གླིང་གི་ནང་བསྟན་ཆོས་ལུགས་པས་སྟོན་པ་འཁྲུངས་པ་དང་། སངས་རྒྱས་པ། མྱ་ངན་ལས་འདས་པ་བཅས་ལ་དྲན་གསོ་ཞུ་བའི་དུས་ཆེན་གལ་ཆེན་ཞིག་རེད། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཝུའེ་སེའེ་དུས་ཆེན་གྱི་རྒྱལ་སྤྱིའི་ལས་འཛིན་ལྷན་ཚོགས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གྲོས་ཆོད་དགོངས་དོན་གཞིར་བཟུང་ནས། ནང་བསྟན་ཆོས་ལུགས་ཀྱི་བྱམས་སེམས་དང་ཞི་བདེའི་སྙིང་སྟོབས་དར་སྤེལ། རྒྱལ་ཁབ་ཁག་དང་ས་ཁུལ་ཁག་གི་ནང་བསྟན་ལས་རིགས་ཀྱི་མཛའ་མཐུན་བརྗེ་རེས་ལ་སྐུལ་འདེད་གཏོང་བ་དང་། རྒྱལ་ཁབ་ཁག་གི་མི་དམངས་ཀྱི་མཛའ་བརྩེ་ཇེ་ཟབ་ཏུ་གཏོང་བ། འཛམ་གླིང་ཞི་བདེ་སྲུང་སྐྱོང་དང་།  ཐུན་མོང་ཐོག་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་བ་བཅས་ཀྱི་ཆེད་དུ་བྱས་རྗེས་གལ་ཆེན་བཞག་ཡོད་པར་བསྟན།

ཝང་ཧུའུ་ཉིང་གིས་ཀྲུང་གོ་སྲིད་གཞུང་གིས་མཉམ་འབྲེལ་རྒྱལ་ཚོགས་ལྟེ་བར་བཟུང་བའི་རྒྱལ་སྤྱིའི་མ་ལག་དང་། 《མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་ཁྲིམས》ཀྱི་དམིགས་ཡུལ་དང་རྩ་དོན་རྨང་གཞིར་བྱས་པའི་རྒྱལ་སྤྱིའི་འབྲེལ་བའི་གཞི་རྩའི་ཚད་གཞིར་བརྟེན་ནས།  གོ་ལ་ཧྲིལ་པོའི་བཅོས་སྐྱོང་མ་ལག་དེ་དྲང་བདེན་དང་ལུགས་མཐུན་གྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བར་གཞོལ་བ་དང་། འཛམ་གླིང་གི་རྒྱལ་ཁབ་ཁག་དང་ལག་གདང་སྦྲེལ་ཏེ་མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པའི་འདུ་ཤེས་མཉམ་བསྐྲུན་བྱེད་བཞིན་ཡོད། ཉེ་བའི་ལོ་འགའི་རིང་། ཀྲུའུ་ཞི་ཞི་ཅིན་ཕིང་གིས་སྔ་རྗེས་སུ་གོ་ལ་ཧྲིལ་པོའི་འཕེལ་རྒྱས་གྲོས་འགོ་དང་། གོ་ལ་ཧྲིལ་པོའི་བདེ་འཇགས་ཀྱི་གྲོས་འགོ། གོ་ལ་ཧྲིལ་པོའི་དཔལ་ཡོན་གྲོས་འགོ། གོ་ལ་ཧྲིལ་པོའི་བཅོས་སྐྱོང་གྲོས་འགོ་བཅས་བཏོན་ནས་ཟང་ཟིང་མཉམ་འདྲེས་ཀྱི་འཛམ་གླིང་ལ་བརྟན་ལྷིང་རང་བཞིན་དང་གཏན་འཁེལ་རང་བཞིན་སྔར་བས་མང་བོ་བསྣན་ཞིང་།  གོ་ལ་ཧྲིལ་པོ་རང་བཞིན་གྱི་གནད་དོན་ཐག་གཅོད་ཐད་ཀྲུང་གོའི་བློ་གྲོས་དང་ཀྲུང་གོའི་ཇུས་གཞི་ཕུལ་ཡོད། སླད་མར། ང་ཚོས་སྔར་བཞིན་ཀྲུང་གོའི་ནང་བསྟན་ལས་རིགས་ཀྱིས་རང་བཙན་རང་བདག་དང་། འདྲ་མཉམ་མཛའ་མཐུན། ཕན་ཚུན་བརྩི་འཇོག་བཅས་བྱེད་པའི་རྨང་གཞིའི་ཐོག་རྒྱལ་ཁབ་ཁག་དང་ས་ཁུལ་ཁག་གི་ནང་བསྟན་ལས་རིགས་དང་མཛའ་མཐུན་བརྗེ་རེས་བྱེད་ཤུགས་ཇེ་ཆེར་གཏོང་བ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཝུའེ་སེའེ་དུས་ཆེན་གྱི་རྒྱལ་སྤྱིའི་ལས་འཛིན་ལྷན་ཚོགས་སོགས་རྒྱལ་སྤྱིའི་ནང་བསྟན་རྩ་འཛུགས་ཀྱི་བྱེད་སྒོར་ཧུར་ཐག་གིས་ཞུགས་པར་རྒྱབ་སྐྱོར་བྱ་རྒྱུ་ཡིན་ལ། རྒྱལ་སྤྱིའི་ཆོས་ལུགས་གླེང་མོལ་དང་དཔལ་ཡོན་བརྗེ་རེས་ནང་རྒྱ་ཁྱབ་ཏུ་ཞུགས་ཏེ།  ཀྲུང་གོ་དང་ཕྱི་རྒྱལ་མི་དམངས་བར་གྱི་མཛའ་མཐུན་ཇེ་ཟབ་ཏུ་བཏང་ནས་ཡུན་རིང་ཞི་བདེ་དང་། ཡོངས་ཁྱབ་བདེ་འཇགས། ཐུན་མོང་དར་རྒྱས། སྒོ་འབྱེད་བསྟུན་མཁས། དྭངས་གཙང་མཛེས་སྡུག་བཅས་ཀྱི་འཛམ་གླིང་ཞིག་མཉམ་དུ་བསྐྲུན་ཆེད་སྟོབས་ཤུགས་འདོན་རྒྱུ་ཡིན་ཞེས་བསྟན་པ་དང་། ཚོགས་ཞུགས་སྐུ་མགྲོན་དང་རྒྱ་ཆེའི་ནང་བསྟན་ལས་རིགས་ཀྱི་མི་སྣས་ནང་བསྟན་གྱི་སྲོལ་རྒྱུན་བཟང་པོ་དར་སྤེལ་བཏང་ནས། འཛམ་གླིང་གི་ཞི་བདེ་སྲུང་སྐྱོང་དང་། མིའི་རིགས་ཀྱི་ཕན་བདེ་ཇེ་བཟང་དུ་གཏོང་བ། མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པའི་འདུ་ཤེས་བཅས་བསྐྲུན་ཆེད་བློ་གྲོས་དང་སྟོབས་ཤུགས་འདོན་དགོས་པའི་ཕུགས་རེ་བཏོན།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཝུའེ་སེའེ་དུས་ཆེན་སྐབས21པ་ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཝུའེ་སེའེ་དུས་ཆེན་གྱི་རྒྱལ་སྤྱིའི་ལས་འཛིན་ལྷན་ཚོགས་ཀྱིས་གཙོ་སྒྲུབ་བྱས་པ་དང་། ཀྲུང་གོ་ནང་བསྟན་མཐུན་ཚོགས་དང་ཅང་སུའུ་ཞིང་ཆེན་ནང་བསྟན་མཐུན་ཚོགས་ཀྱིས་འགན་སྒྲུབ་བྱས་པ་ཡིན་ལ། མཉམ་འབྲེལ་རྒྱལ་ཚོགས་ཝུའེ་སའེ་དུས་ཆེན་གྱི་རྒྱལ་སྤྱིའི་ལས་འཛིན་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཧྥན་ཀྲི་དང་། རྒྱལ་ཁབ་དང་ས་ཁུལ67ནས་ཡོང་བའི་ནང་བསྟན་ལས་རིགས་ཀྱི་འཐུས་མི་དང་ཆེད་ལས་མཁས་པ་སོགས་ཧ་ལམ་མི1000ཞུགས་ཡོད།