ཞི་ཅིན་ཕིང་དང་སུའུ་རི་ནམ་གྱི་སྲིད་འཛིན་གྱིས་ཀྲུང་སུའུ་བར་འབྲེལ་བ་བཙུགས་ནས་ལོ50འཁོར་བར་ཕན་ཚུན་རྟེན་འབྲེལ་གློག་འཕྲིན་བཏང་།
ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས།

  ཟླ5ཚེས28ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་སུའུ་རི་ནམ་གྱི་སྲིད་འཛིན་ཞི་མེང་སི་དང་ཕན་ཚུན་རྟེན་འབྲེལ་གློག་འཕྲིན་བཏང་ནས། རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་ལོ་འཁོར་ལྔ་བཅུ་ལོན་པར་རྟེན་འབྲེལ་ཞུས།

ཞི་ཅིན་ཕིང་གིས་བསྟན་དོན།  ཀྲུང་གོ་དང་སུའུ་རི་ནམ་རྒྱལ་ཁབ་གཉིས་ཀྱི་མཛའ་མཐུན་གྱི་ལོ་རྒྱུས་ཡུན་རིང་ཞིང་། དུས་རབས་ཕྱེད་ཀའི་རིང་ལ། ཕྱོགས་གཉིས་ཀས་ཐོག་མཐའ་བར་གསུམ་དུ་ཕན་ཚུན་ལ་བརྩི་འཇོག་དང་འདྲ་མཉམ་གྱི་ལྟ་སྟངས་བཟུང་སྟེ། ཕན་ཚུན་གྱི་ལྟེ་བའི་ཁེ་ཕན་དང་དོ་ཁུར་ཆེན་པོ་བྱེད་པའི་གནད་དོན་གལ་ཆེན་ཐད་ནས་ཕན་ཚུན་རྒྱབ་སྐྱོར་བྱས་པ་མ་ཟད། གཉིས་ཕན་མཉམ་ལས་ཟབ་མོ་བྱས་ནས། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་དོན་དམ་པའི་བདེ་སྐྱིད་བསྐྲུན། ངས་ཀྲུང་གོ་དང་སུའུ་རི་ནམ་གྱི་འབྲེལ་བའི་འཕེལ་རྒྱས་ལ་ཚད་མཐོའི་མཐོང་ཆེན་བྱེད་ཅིང་། སྲིད་འཛིན་ཞི་མེང་སི་དང་མཉམ་དུ་འབད་བརྩོན་བྱས་ཏེ། རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་ལོ་50འཁོར་བ་དེ་འགོ་འཛུགས་ས་གསར་པར་བྱེད་པ་དང་། འཐབ་ཇུས་ཐད་ཕན་ཚུན་ཡིད་རྟོན་དང་སྲོལ་རྒྱུན་གྱི་མཛའ་མཐུན་རྒྱུན་འཛིན། ཁྱབ་ཁོངས་སོ་སོའི་དངོས་གཉེར་མཉམ་ལས་ལ་གྲུབ་འབྲས་མང་པོ་ཐོབ་པར་སྐུལ་འདེད་བཏང་སྟེ། ཀྲུང་གོ་དང་སུའུ་རི་ནམ་གྱི་འཐབ་ཇུས་མཉམ་ལས་གྲོགས་པོའི་འབྲེལ་བའི་ལེའུ་གསར་པ་རྩོམ་འདོད་ཡོད།

ཞི་མེང་སི་ཡིས་བསྟན་དོན། འབྲེལ་བ་བཙུགས་ནས་ལོ་50སོང་བའི་རིང་། སུའུ་རི་ནམ་དང་ཀྲུང་གོའི་འབྲེལ་བ་རྒྱུན་མཐུད་ངང་འཕེལ་རྒྱས་གཏིང་ཟབ་ཏུ་ཕྱིན་ནས། རྒྱལ་ཁབ་གཉིས་ཀྱི་མཛའ་བརྩེ་ཇེ་ཟབ་དང་འཐབ་ཇུས་མཉམ་ལས་ཉིན་བཞིན་ཇེ་དམ་དུ་གྱུར།  ངས་རྒྱལ་ཁབ་གཉིས་ཀྱི་ཁྱབ་ཁོངས་སོ་སོའི་མཉམ་ལས་ཀྱི་གྲུབ་འབྲས་ལ་བརྩི་མཐོང་ཆེན་པོ་བྱེད་ཀྱིན་ཡོད་ལ། རྗེས་ཕྱོགས་ཀྱི་ལོ་ངོ་ལྔ་བཅུར་རྒྱང་ལྟ་བྱས་ཏེ། ཕྱོགས་གཉིས་ཀྱི་མཐུན་སྒྲིལ་སྔར་ལས་ཇེ་དམ་དུ་གཏོང་བ་དང་། མཉམ་ལས་ཟབ་སྤེལ་དང་རྒྱ་བསྐྱེད་ནས། དར་རྒྱས་གོང་འཕེལ་གྱི་ཐུན་མོང་གི་ཕུགས་བསམ་མངོན་འགྱུར་ཡོང་བར་རེ་སྒུག་བྱེད་བཞིན་ཡོད།