
ཟླ5པའི་ཚེས28ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་གིས་པེ་ཅིང་དུ་ཀྲུང་དབྱིན་སྲིད་ཏང་གི་གླེང་མོལ་སྐབས་བཅུ་བཞི་པར་ཞུགས་པའི་དབྱིན་ཇིའི་ཏང་ཁག་བརྒལ་བའི་གྲོས་མིའི་འཐུས་ཚབ་ཚོགས་པར་མཇལ་འཕྲད་གནང་། འདི་ནི་དབྱིན་ཇིའི་ནང་སྲིད་བློན་ཆེན་ཟུར་པ། དབྱིན་ཀྲུང་མཐུན་ཚོགས་ཀྱི་ཚོགས་གཙོ་ལི་ཏིང་ཏུན་ལ་ཕྱག་འཇུ་གནང་བའི་རྣམ་པ་རེད།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་གིས་ཚེས28ཉིན་པེ་ཅིང་དུ་ཀྲུང་དབྱིན་སྲིད་ཏང་གི་གླེང་མོལ་སྐབས་བཅུ་བཞི་པར་ཞུགས་པའི་དབྱིན་ཇིའི་ཏང་ཁག་བརྒལ་བའི་གྲོས་མིའི་འཐུས་ཚབ་ཚོགས་པར་མཇལ་འཕྲད་གནང་།
ཝང་ཧུའུ་ཉིང་གིས་བསྟན་དོན། ད་ལོའི་ཟླ་དང་པོར། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་གོར་འཚམས་འདྲིར་ཡོང་བའི་དབུ་བཞུགས་བློན་ཆེན་སི་ཐ་མོར་མཇལ་འཕྲད་གནང་སྐབས། ཕྱོགས་གཉིས་ཀ་ཡུན་རིང་བརྟན་བརླིང་གི་ཁྱོན་ཡོངས་འཐབ་ཇུས་གྲོགས་པོའི་འབྲེལ་བ་འཕེལ་རྒྱས་གཏོང་བར་མཐའ་གཅིག་ཏུ་མོས་མཐུན་བྱུང་སྟེ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་འཕེལ་རྒྱས་ལ་ཁ་ཕྱོགས་གསལ་བོ་བསྟན། ཀྲུང་གོ་ཕྱོགས་ཀྱིས་དབྱིན་ཇིའི་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་འགོ་ཁྲིད་པའི་ཐུན་མོང་གི་ངོས་འཛིན་གལ་ཆེན་དོན་འཁྱོལ་བྱས་ནས། སྲིད་ཏང་བར་གྱི་འགྲོ་འོང་ལ་ཤུགས་སྣོན་དང་། ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱེད་ཤུགས་ཆེ་རུ་བཏང་སྟེ། རྒྱལ་ཁབ་གཉིས་ཀྱི་གཉིས་ཕན་མཉམ་ལས་ལ་གྲུབ་འབྲས་སྔར་ལས་མང་པོ་ཐོབ་པར་སྐུལ་འདེད་གཏོང་འདོད་ཡོད་ལ། ཀྲུང་གོ་རྒྱལ་ཡོངས་སྲིད་གྲོས་ཀྱིས་དེའི་ཐད་ཧུར་ཐག་གིས་བྱས་རྗེས་འཇོག་འདོད་ཡོད།
དབྱིན་ཇིའི་ནང་སྲིད་བློན་ཆེན་ཟུར་པ། དབྱིན་ཀྲུང་མཐུན་ཚོགས་ཀྱི་ཚོགས་གཙོ་ལི་ཏིང་ཏུན་སོགས་ཀྱིས་བསྟན་དོན། ཐེངས་འདིའི་ཀྲུང་གོའི་འཕེལ་རྒྱས་ཀྱི་གྲུབ་འབྲས་སྔར་ལས་ཆེ་བ་མིག་མཐོང་ལག་ཟིན་ཡིན་པ་དང་། དར་རྒྱས་བརྟན་བརླིང་གི་ཀྲུང་གོ་ཕྱོགས་སོ་སོའི་ཁེ་ཕན་དང་མཐུན། དབྱིན་ཇི་ཕྱོགས་ཀྱིས་ཀྲུང་གོ་དང་མཉམ་ལས་བྱེད་པའི་གོ་སྐབས་ལ་མཐོང་ཆེན་བྱས་ཏེ། ཀྲུང་གོས་འཛམ་གླིང་བཅོས་སྐྱོང་ལ་བྱས་རྗེས་ཕུལ་བར་བསྔགས་བརྗོད་བྱས་ལ། ཀྲུང་གོ་ཕྱོགས་དང་མཉམ་དུ་གཉིས་ཕན་མཉམ་ལས་དང་ཕྱོགས་མང་མཐུན་སྦྱོར་ལ་ཤུགས་བསྣན་ནས། ཐུན་མོང་འཕེལ་རྒྱས་དང་འཛམ་གླིང་ཞི་བདེ་བརྟན་བརླིང་ཡོང་བར་སྐུལ་འདེད་གཏོང་འདོད་ཡོད།
ཝང་ཏུང་ཧྥུང་སོགས་མཇལ་འཕྲད་ལ་ཞུགས།