
ཟླ6པའི་ཚེས1ཉིན། ཀྲུང་གོ་གོ་མིན་ཏང་གསར་བརྗེ་ཨུ་ཡོན་ལྷན་ཁང་ཀྲུང་དབྱང་གིས་མཚོ་སྔོན་ཞིང་ཆེན་དང་སི་ཁྲོན་ཞིང་ཆེན་ལ་ཁ་གཏད་དེ་རྨ་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་དམངས་གཙོ་ལྟ་སྐུལ་བྱ་བའི་འགོ་རྩོམ་ཚོགས་འདུ་ཟི་ལིང་དུ་བསྡུས། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ། ཀྲུང་གོ་གོ་མིན་ཏང་གསར་བརྗེ་ཨུ་ཡོན་ལྷན་ཁང་ཀྲུང་དབྱང་གི་ཀྲུའུ་ཞི་ཀྲིན་ཅན་པང་གིས་གཏམ་བཤད་པ་དང་། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། ཀྲུང་གོ་གོ་མིན་ཏང་གསར་བརྗེ་ཨུ་ཡོན་ལྷན་ཁང་ཀྲུང་དབྱང་གི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཧི་པའོ་ཞང་གིས་འགོ་འཛིན་བྱས།
ཚོགས་འདུའི་སྟེང་། ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཝུའུ་ཞའོ་ཅུན་དང་། སི་ཁྲོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་མཱ་ཀྲིན་ཡུང་གིས་གཏམ་བཤད། ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལུའོ་ཏུང་ཁྲོན་གྱིས་མཚོ་སྔོན་ཞིང་ཆེན་གྱིས་རྨ་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་གནས་ཚུལ་ཡར་ཞུ་བྱས། ཀྲུང་གོ་གོ་མིན་ཏང་གསར་བརྗེ་ཨུ་ཡོན་ལྷན་ཁང་ཀྲུང་དབྱང་གི་ཀྲུའུ་ཞི་གཞོན་པ་ལི་ཧུའེ་ཏུང་གིས་དམངས་གཙོ་ལྟ་སྐུལ་བྱ་བའི་བཀོད་སྒྲིག་ངོ་སྤྲོད་བྱས།
ཀྲིན་ཅན་པང་གིས་བསྟན་དོན། རྨ་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་ནི་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཀྲུང་གུང་ཀྲུང་དབྱང་གིས་ཀྲུང་ཧྭ་མི་རིགས་དང་ཀྲུང་ཧྭའི་དཔལ་ཡོན་རྒྱུན་མཐུད་འཕེལ་རྒྱས་ཐད་གནང་བའི་འཐབ་ཇུས་ཇུས་ཆོད་གལ་ཆེན་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྨ་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་སྐོར་གྱི་རྒྱས་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་བྱས་ནས་གོ་བ་ཟབ་མོ་ལེན་པ་དང་། རང་རྟོགས་ངང་ཀླད་པར་དྲག་ཆས་སྤྲས་རྒྱུ་དང་ལག་ལེན་ལ་མཛུབ་སྟོན་བྱེད་པ། བྱ་བར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། སྲིད་འབྲས་ལྟ་བ་ཡང་དག་པ་དང་འགན་འཁྲི་ཁག་ཁུར་ནན་མོ་བྱས་ནས་བྱ་བ་སྣ་ཚོགས་ལེགས་པོར་སྒྲུབ་དགོས། ཐེངས་འདིའི་ཆེད་དོན་ལྟ་སྐུལ་བྱ་བ་སྤེལ་བའི་དོན་སྙིང་གལ་ཆེན་ཤེས་རྟོགས་ཟབ་མོ་བྱེད་པ་དང་། སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་འབྲེལ་བ་ཐག་གཅོད་ལེགས་པོ་བྱས་ནས། ཞིང་ཆེན་གཉིས་ཀྱིས་རྨ་ཆུའི་སྟོད་རྒྱུད་ཀྱི་ཆུ་ཁུངས་སྐྱིལ་གསོག་ནུས་པ་འཛུགས་སྐྲུན་གྱི་རྒྱུགས་ལན་ཡག་པོ་འདེབས་པར་རོགས་ཤུགས་འདོན་དགོས། ཁོས་ནན་གྱིས་བསྟན་དོན། ཐེངས་འདིའི་ཆེད་དོན་ལྟ་སྐུལ་བྱ་བ་ལེགས་པོར་སྒྲུབ་པར་ཆབ་སྲིད་ཀྱི་ཁ་ཕྱོགས་ཡང་དག་དམ་འཛིན་བྱེད་དགོས་པ་དང་། ཐོག་མཐའ་བར་གསུམ་དུ་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་བྱ་བ་བརྒྱུད་རིམ་ཧྲིལ་བོར་ཁྱབ་པ་རྒྱུན་འཁྱོངས་བྱེད་དགོས་ལ། དམངས་གཙོ་ལྟ་སྐུལ་གྱི་ངོ་བོ་དང་ངེས་གནས་རྒྱུན་སྲུང་བྱེད་པ། ལྟ་སྐུལ་ལག་བསྟར་བྱེད་སྐབས་བྱ་བར་རྒྱབ་སྐྱོར་བྱེད་པ་དང་ལྟ་སྐུལ་གྱི་བརྒྱུད་རིམ་ཁྲོད་ལུགས་མཐུན་གྱི་བསམ་ཚུལ་འདོན་པའི་རྩ་དོན་གྱིས་གྲོས་མོལ་རྣམ་པའི་ལྟ་སྐུལ་ནུས་པ་འདོན་སྤེལ་བྱེད་པ་དང་། ལས་འགན་གཙོ་བོར་དམིགས་ནས་བྱ་བའི་ཕན་ནུས་མཐོར་འདེགས་གཏོང་བ། བྱ་བའི་རྐྱེན་སྲོལ་སྣ་ཚོགས་སྤྱོད་པ་དང་། 1119ཡི་བྱ་བའི་མ་ལག་སྔར་ལས་ལེགས་སྒྲིག་བྱས་ཏེ། རྨ་ཆུའི་འབབ་རྒྱུད་སྔར་ལས་སྲུང་སྐྱོབ་དང་འཕེལ་རྒྱས་འགྲོ་ཆེད་ཐབས་བཀོད་འཐེན་པ་དང་གྲོས་གཞི་འདོན་པ། བྱེད་ཐབས་ལག་བསྟར་བཅས་བྱེད་དགོས་ལ། དྲང་ཕྱོགས་ཁྲིད་སྟོན་གྱི་དྲིལ་སྒྲོག་དང་འགྲེལ་བཤད་ལ་དོ་སྣང་བྱེད་པ། དུས་རབས་གསར་བའི་ཏང་མང་མཉམ་ལས་ཀྱི་གཏམ་རྒྱུད་ལེགས་པོར་འཆད་པ་དང་། སྤྱོད་ཚུལ་ནན་མོ་ཐོག་མཐའ་བར་གསུམ་དུ་ཁྱབ་པར་བྱས་ནས། ཆེད་དོན་ལྟ་སྐུལ་བྱ་བ་སྤྱོད་གཙང་སྲོལ་ཡག་དང་ཏན་ཏིག་ནུས་ལྡན་ཡོང་བར་ཁག་ཐེག་བྱེད་དགོས།
ཧི་པའོ་ཞང་གིས་བསྟན་དོན། ཀྲུང་གོ་གོ་མིན་ཏང་གསར་བརྗེ་ཨུ་ཡོན་ལྷན་ཁང་གི་རིམ་པ་སོ་སོའི་རྩ་འཛུགས་དང་འབྲེལ་ཡོད་བློ་མཐུན་གྱིས་ཐེངས་འདིའི་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་ནན་མོ་བྱས་ནས་གོ་བ་ལེན་པ་དང་དུས་ལྟར་བརྒྱུད་སྒྲོག་དང་ལག་བསྟར་བྱེད་དགོས་ལ། བསམ་ཕྱོགས་གཅིག་གྱུར་དང་ཐུན་མོང་ངོས་འཛིན་གཅིག་སྡུད། སྟོབས་ཤུགས་གཅིག་བསྡུས་བཅས་བྱས་ཏེ། ཀྲུང་གོ་གོ་མིན་ཏང་གསར་བརྗེ་ཨུ་ཡོན་ལྷན་ཁང་ཡོངས་ཀྱི་ནུས་པར་བརྟེན་ནས་ཐེངས་འདིའི་དམངས་གཙོ་ལྟ་སྐུལ་བྱ་བ་ལེགས་པོར་སྒྲུབ་དགོས། བྱ་བའི་འཆར་གཞི་སྔར་ལས་འཐུས་ཚང་དུ་གཏོང་བ་དང་། དཔུང་ཁག་སྒྲིག་འཛུགས་ལ་ཤུགས་སྣོན་པ། བྱ་བའི་གསོ་སྦྱོང་ལེགས་པོར་སྤེལ་ཏེ། སྤུས་ཚད་མཐོན་པོས་རྟོག་དཔྱོད་ཞིབ་འཇུག་བྱེད་དགོས། རྟོག་ཞིབ་ཚན་ཆུང་སོ་སོས་ལྟ་སྐུལ་གྱི་ནང་དོན་གཙོ་བོར་དམ་པོར་དམིགས་ནས། གནད་ལ་ཁེལ་ཞིང་གཡོ་གཟུར་མེད་པར་ཁག་ཐེག་བྱེད་དགོས་ལ། ཚན་རིག་དང་མཐུན་པའི་སྒོ་ནས་རྟོག་ཞིབ་ཇུས་གཞི་བཀོད་སྒྲིག་བྱེད་པ་དང་། ལས་ཡུལ་དང་པོར་སོང་སྟེ་ཐོག་མའི་རྒྱུ་ཆར་རྒྱུས་ལོན་བྱེད་པ། དེང་རབས་ཚན་རྩལ་ཐབས་ལམ་དང་ཆ་འཕྲིན་ལག་རྩལ་སྣ་ཚོགས་བེད་སྤྱོད་གང་ལེགས་བྱས་ཏེ། རྟོག་ཞིབ་སྤུས་ནུས་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས། ས་གནས་ཀྱི་མངོན་གསལ་གནད་དོན་དང་འཕེལ་རྒྱས་དགོས་མཁོར་ཟུང་འབྲེལ་བྱས་ཏེ། ཞིབ་འཇུག་བགྲོ་གླེང་གཏིང་ཟབ་བྱེད་པ་དང་། ལུགས་མཐུན་གྱི་གྲོས་གཞི་བཏོན་ནས། སྤུས་ཚད་མཐོ་བའི་ལྟ་སྐུལ་རྟོག་ཞིབ་སྙན་ཞུ་འགྲུབ་པར་བྱེད་དགོས། འབྲེལ་འདྲིས་རྐྱེན་སྲོལ་གྱི་བྱེད་ནུས་འདོན་སྤེལ་ལེགས་པོ་བྱེད་པ་དང་། རྒྱལ་ཁབ་ཀྱི་འབྲེལ་ཡོད་པུའུ་ཨུའི་བར་གྱི་འབྲེལ་འདྲིས་མཉམ་ལས་དང་ཆ་འཕྲིན་མཉམ་སྤྱོད་ལ་ཤུགས་སྣོན་པ། འབྲེལ་ཡོད་ཚན་ཞིབ་ཁང་དང་ཚན་རྩལ་ཁེ་ལས་ཀྱི་མཉམ་ལས་ལ་ཤུགས་བསྣན་ནས། ཚན་རྩལ་གྱིས་སྟོབས་ནུས་བསྩལ་ཏེ་ལྟ་སྐུལ་གྱི་སྤུས་ནུས་ཇེ་མཐོར་གཏོང་དགོས། འབྲེལ་ཡོད་དམངས་གཙོ་ཏང་ཁག་ཀྲུང་དབྱང་གི་འབྲེལ་འདྲིས་མཐུན་སྦྱོར་བྱ་བ་ལེགས་པོར་སྒྲུབ་པ་དང་། གཅིག་གྱུར་བཀོད་སྒྲིག་དང་མཉམ་ལས་ལ་ཤུགས་སྣོན་པ། ཐོན་ཁུངས་མཉམ་སྤྱོད། ཕན་ཚུན་དཔེ་ལྟོས་བཅས་བྱས་ཏེ། ཏང་མང་མཉམ་ལས་ཀྱིས་རྨ་ཆུའི་འབབ་རྒྱུད་ཀྱི་སྲུང་སྐྱོབ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་བསྟུད་མར་ཉམས་མྱོང་གསོག་འཇོག་བྱེད་དགོས།
ཝུའུ་ཞའོ་ཅུན་གྱིས་ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ནས་ཀྲུང་གོ་གོ་མིན་ཏང་གསར་བརྗེ་ཨུ་ཡོན་ལྷན་ཁང་ཀྲུང་དབྱང་མཚོ་སྔོན་དུ་ཡོང་བར་དགའ་བསུ་ཞུས། ཁོས་བསྟན་དོན། ཀྲུང་གོ་གོ་མིན་ཏང་གསར་བརྗེ་ཨུ་ཡོན་ལྷན་ཁང་ཀྲུང་དབྱང་གིས་མཚོ་སྔོན་ལ་ཁ་གཏད་དེ་དམངས་གཙོ་ལྟ་སྐུལ་བྱ་བ་སྤེལ་བས། མཚོ་སྔོན་གྱིས་རྨ་ཆུའི་རྒྱལ་ཁབ་ཐབས་ཇུས་སྔར་ལས་ལག་བསྟར་དོན་འཁྱོལ་བཟང་པོ་བྱེད་པ་དང་། དེང་རབས་ཅན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་ཆེད་གོ་སྐབས་གལ་ཆེན་འདོན་སྤྲོད་བྱས་ཡོད། ང་ཚོས་ཆེད་དོན་དམངས་གཙོ་ལྟ་སྐུལ་བྱ་བར་གཞོགས་འདེགས་བྱེད་པ་དེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྨ་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་སྐོར་གྱི་རྒྱས་བཤད་གལ་ཆེན་དང་མཚོ་སྔོན་གྱི་བྱ་བར་བཏོན་པའི་བླང་བྱ་གལ་ཆེན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པའི་འགུལ་སྐྱོད་དངོས་སུ་བརྩིས་ནས། རང་འགུལ་ངང་ལྟ་སྐུལ་དང་ལེན་བྱེད་པའི་ཆབ་སྲིད་ཀྱི་རང་རྟོགས་དང་འགུལ་སྐྱོད་ཀྱི་རང་རྟོགས་ཆེ་རུ་གཏོང་བ་དང་། སྤྱོད་ཚུལ་ནན་མོས་ཕྱོགས་སོ་སོ་དང་བརྒྱུད་རིམ་ཧྲིལ་བོའི་གཞོགས་འདེགས་འགན་སྲུང་ལེགས་པོར་སྒྲུབ་སྟེ། ཀྲུང་གོ་གོ་མིན་ཏང་གསར་བརྗེ་ཨུ་ཡོན་ལྷན་ཁང་ཀྲུང་དབྱང་དང་མཉམ་དུ་དྲི་བར་ལན་འདེབས་པ་དང་ཕྱོགས་གཅིག་ཏུ་ཤུགས་འདོན་པར་མ་ཟད། ཐེངས་འདིའི་ཆེད་དོན་དམངས་གཙོ་ལྟ་སྐུལ་གོ་སྐབས་སུ་བྱས་ཏེ། རྨ་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་ཆེན་མོ་དང་མཐུན་སྦྱོར་ཆེན་མོའི་སྒྲིག་གཞི་བསྟུད་མར་འཐུས་ཚང་དུ་གཏོང་བ་དང་། རྨ་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་མཚོ་སྔོན་གྱི་རྒྱུགས་ལན་ཡག་པོ་བྲིས་ནས། རྨ་ཆུ་དེ་དངོས་སུ་མཐོ་སྒང་གི་བུ་བུ་མོ་དང་རྨ་ཆུའི་འགྲམ་རྒྱུད་ཀྱི་རིགས་སོ་སོའི་མི་དམངས་ལ་བདེ་སྐྱིད་བསྐྲུན་པའི་བདེ་སྐྱིད་ཆུ་བོ་རུ་འགྱུར་བར་བྱེད་དགོས།
ཀྲུང་གོ་གོ་མིན་ཏང་གསར་བརྗེ་ཨུ་ཡོན་ལྷན་ཁང་ཀྲུང་དབྱང་གི་ཀྲུའུ་ཞི་གཞོན་པ་ལིའུ་ཅཱ་ཆང་དང་། ཐེན་ཧུང་ཆི། ཝང་ཧུང་། ཧྥིན་ཀོང་། ཝུའུ་ཅིན། ཨོའུ་དབྱང་ཙི་ཧྭ། ཁྲིན་ཞིན་དབྱིན། ཆེས་མཐོ་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན་གཞོན་པ་ཀྲང་ཞུའེ་ཆའོ། ཞིང་ཆེན་གྱི་འགོ་ཁྲིད་ཀྲང་ཅིན་ཀང་དང་། པད་གོ ལིའུ་ཐུང་ཏེ་སོགས་ཚོགས་འདུར་ཞུགས།
ཚོགས་འདུའི་སྔོན་ལ། ཝུའུ་ཞའོ་ཅུན་དང་ལུའོ་ཏུང་ཁྲོན། སི་ཁྲོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་མཱ་ཀྲིན་ཡུང་བཅས་ཀྱིས་ཟི་ལིང་དུ་ཀྲིན་ཅན་པང་དང་ཧི་པའོ་ཞང་སོགས་དང་ཐུག་འཕྲད་བྱས།
ལྷ་མོ་འཚོས་བསྒྱུར།