
ཟླ6པའི་ཚེས1ཉིན་ནས་ཚེས2ཉིན་བར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཏིང་ཞུའེ་ཞང་གིས་ཡུན་ནན་དུ་རྨང་གཞིའི་སློབ་གསོ་སོགས་བྱ་བར་རྟོག་ཞིབ་གནང་། ཁོང་གིས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱེད་དགོས་ལ། ཏང་གི་སློབ་གསོའི་བྱེད་ཕྱོགས་ཕྱོགས་ཡོངས་ནས་ལག་ལེན་མཐར་ཕྱིན་བྱས་ནས། རྨང་གཞིའི་སློབ་གསོའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་དང་སློབ་གསོའི་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་དགོས།
ཏིང་ཞུའེ་ཞང་ཝུན་ཧྲན་ཀྲོང་རིགས་མེའོ་རིགས་རང་སྐྱོང་ཁུལ་གྱི་བྱིས་སྐྱོང་ཁང་དང་ཝུན་ཧྲན་གྲོང་ཁྱེར་གྱི་སློབ་ཆུང་བཅུ་གཅིག་པ་དང་སློབ་འབྲིང་དང་པོར་སོང་ནས། སློབ་གསོའི་ཐོན་ཁུངས་བཀོད་སྒྲིག་ལེགས་སྒྱུར་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྨང་གཞིའི་སློབ་གསོ་འཕེལ་རྒྱས་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་བྱས། ཁོང་གིས་བསྟན་དོན། སློབ་གསོའི་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་རྩ་བ་རྨང་གཞིའི་སློབ་གསོར་ཐུག་ཡོད། ཀུན་སྤྱོད་ལ་བརྟེན་ནས་མི་སྐྱེད་སྲིང་བྱེད་པའི་རྩ་བའི་ལས་འགན་དོན་འཁྱོལ་བྱས་ཏེ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་བརྟེན་ནས་བློ་སྒྲིལ་མི་སྐྱོང་བྱ་རྒྱུ་རྒྱུན་འཁྱོངས་ལྷོད་མེད་བྱེད་དགོས། སློབ་གསོའི་ཆོས་ཉིད་ལ་བརྩི་འཇོག་དང་། བདེ་ཐང་ནི་སློབ་གསོའི་འདུ་ཤེས་ཨང་དང་པོར་ལག་བསྟར་བྱས་ཏེ། “གཉིས་འཕྲི”དང་སློབ་ཁྲིད་སྤུས་ཚད་མཐོ་རུ་གཏོང་བར་གཅིག་གྱུར་འཆར་འགོད་ཀྱིས་སྐུལ་འདེད་བཏང་ནས། ཀུན་སྤྱོད་དང་ཤེས་རིག ལུས་རྩལ། མཛེས་རྩལ། ངལ་རྩོལ་བཅས་ཕྱོགས་ཡོངས་འཕེལ་རྒྱས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་པ་དང་རྒྱུན་འཛིན་པ་གསོ་སྐྱོང་བྱེད་དགོས། མི་འབོར་གྱི་འགྱུར་ལྡོག་དང་མི་དམངས་མང་ཚོགས་ཀྱི་རེ་སྒུག་གསར་པ་དང་འཚམ་པར་བྱས་ཏེ། སློབ་སྔོན་སློབ་གསོའི་སྤུས་ལེགས་ཀུན་ཕན་དང་འོས་འགན་སློབ་གསོའི་སྤུས་ལེགས་དོ་མཉམ། མཐོ་རིམ་སློབ་འབྲིང་གི་སློབ་གསོ་སྣ་མང་ཅན་གྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། ཡུན་ནན་ནི་མཐའ་མཚམས་མི་རིགས་ས་ཁུལ་ཡིན་པས་སློབ་གཉེར་ཆུ་ཚད་སྤྱི་ཡོངས་ནས་མཐོ་རུ་གཏོང་དགོས་ལ། རྫོང་གི་སློབ་འབྲིང་འཕེལ་རྒྱས་ལ་མཐོང་ཆེན་བྱས་ནས། གྲོང་གསེབ་ཀྱི་གཞི་ཁྱོན་ཆུང་བའི་སློབ་གྲྭ་དང་གྲོང་གསེབ་ཀྱི་གཞིས་སྲུང་བྱིས་པ་འཕྲད་ཡོད་པའི་དཀའ་ངལ་དང་གནད་དོན་ཐག་གཅོད་ཡག་པོ་བྱ་དགོས་ཤིང་། སློབ་གྲྭ་རེ་རེ་ལེགས་པར་འཛུགས་པ་དང་བྱིས་པ་རེ་རེར་སློབ་ཁྲིད་ཡག་པོ་བྱས་ཏེ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་བཙུགས་ནས། མི་རིགས་ཁག་གི་མང་ཚོགས་བློ་ཡིད་ཚིམ་པའི་སློབ་གསོ་ཡག་པོ་གཉེར་དགོས།
ཏིང་ཞུའེ་ཞང་ཡུན་ནན་དགེ་འོས་སློབ་ཆེན་དུ་སོང་ནས། རྨང་གཞི་སློབ་གསོའི་དགེ་རྒན་དཔུང་ཁག་གསོ་སྐྱོང་སོགས་ཀྱི་གནས་ཚུལ་ལ་རྟོག་ཞིབ་གནང་། ཁོང་གིས་བསྟན་དོན། སློབ་གསོ་སྟོབས་ལྡན་དུ་གཏོང་བར་ཐོག་མར་དགེ་རྒན་སྟོབས་ལྡན་དུ་གཏོང་དགོས། དགེ་འོས་སློབ་གྲྭ་དང་སློབ་གླིང་གིས་དགེ་རྒན་གྱི་སློབ་གསོའི་འགན་གཙོ་བོ་དང་ལས་རིགས་གཙོ་བོར་དམིགས་ཏེ། སློབ་ཁྲིད་ཞིབ་འཇུག་བྱེད་ཤུགས་ཆེ་རུ་གཏོང་བ་དང་། གསོ་སྐྱོང་བྱེད་སྟངས་བཅོས་སྒྱུར་གཏིང་ཟབ་བྱེད་དགོས་པ་མ་ཟད། དགེ་རྒན་གྱི་གསོ་སྦྱོང་དམ་འཛིན་ཡག་པོ་བྱས་ཏེ། བྱང་ཚད་མཐོ་བའི་དགེ་རྒན་རྒྱུན་ཆད་མེད་པར་མཁོ་འདོན་བྱེད་དགོས། ལྷོ་ནུབ་མཉམ་འབྲེལ་སློབ་ཆེན་རྟེན་མཛོད་ཁང་དུ་གཟིགས་སྐོར་གནང་སྐབས། ཏིང་ཞུའེ་ཞང་གིས་བསྟན་དོན། སློབ་གསོ་ནི་རྒྱལ་ཁབ་ཀྱི་མདུན་ལམ་དང་ལས་དབང་ལ་དམ་པོར་སྦྲེལ་ཡོད་ཅིང་། ངོ་བོ་དང་པོ་ནི་ཆབ་སྲིད་ཀྱི་ངོ་བོ་ཡིན། གསར་བརྗེའི་གཞི་རྒྱུ་རྒྱུན་འཛིན་བྱས་ནས། སློབ་གསོས་དྲིན་ལན་འཇལ་བའི་ཐོག་མའི་བསམ་འདུན་བརྟན་སྲུང་བྱེད་དགོས་ཤིང་། ཏང་ལ་འཇོན་མི་གསོ་སྐྱོང་དང་རྒྱལ་ཁབ་ཀྱི་ཆེད་དུ་ཤེས་ལྡན་པ་གསོ་སྐྱོང་བྱས་ཏེ། རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྱོང་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེར་འདེགས་སྐྱོར་ནུས་ལྡན་བྱེད་དགོས།
2026ལོའི་མཐོ་རྒྱུགས་ལ་ཐོན་ལ་ཉེ་བས། ཏིང་ཞུའེ་ཞང་གིས་ཝུན་ཧྲན་གྲོང་ཁྱེར་སློབ་འབྲིང་དང་པོ་རུ་མཐོ་རྒྱུགས་ཀྱི་གྲ་སྒྲིག་གནས་ཚུལ་ལ་ཞིབ་བཤེར་བྱས། ཁོང་གིས་བསྟན་དོན། མཐོ་རྒྱུགས་ནི་རྒྱུགས་སྤྲོད་སློབ་མ་ཡོངས་ཀྱི་རྒྱུགས་གལ་ཆེན་ཞིག་ཡིན་ལ། ཁྱིམ་ཚང་ཁྲི་སྟོང་མང་པོར་འབྲེལ་བ་ཡོད་པ་དང་། ས་གནས་ཁག་དང་འབྲེལ་ཡོད་སྡེ་ཁག་སོ་སོའི་འགན་སྲུང་ནུས་པའི་རྒྱུགས་ལེན་ཐེངས་ཤིག་ཀྱང་ཡིན། ཧ་ཅང་འགན་འཁུར་བའི་རྣམ་འགྱུར་བཟུང་ནས་རྩ་འཛུགས་བྱ་བ་ཡག་པོ་སྒྲུབ་པ་དང་གྲ་སྒྲིག་གང་ལེགས་བྱས་ནས། ནོར་འཁྲུལ་གཏན་ནས་མི་འབྱུང་བའི་འགན་ལེན་བྱེད་དགོས། འགྲིམ་འགྲུལ་ཕྱིར་བསྐྱོད་དང་ཟས་སྡོད་འཕྲོད་བསྟེན་སོགས་ཀྱི་དོ་དམ་ཞབས་ཞུར་ཤུགས་བསྣན་ཏེ། ཐོལ་བྱུང་དོན་རྐྱེན་སྣ་ཚོགས་ལ་དུས་ཐོག་ཏུ་ཁ་གཏད་གཅོག་པ་དང་ཐག་བཅད་ནས། བློ་བདེ་ངང་རྒྱུགས་ལེན་པའི་ཁོར་ཡུག་ཅིག་གཏོད་དགོས། རྒྱུགས་ཤོག་གི་བརྒྱུད་རིམ་ཧྲིལ་པོར་ལྟ་སྐུལ་དོ་དམ་ནན་མོ་བྱས་ནས། རྒྱུགས་ལེན་གྱི་གཡོ་ཟོལ་བྱ་སྤྱོད་ལ་རྡུང་རྡེག་དྲག་པོ་གཏོང་དགོས་ཤིང་། སྒྲིག་ཁྲིམས་གཟབ་ནན་དུ་བཏང་ནས། འདྲ་མཉམ་དྲང་གཞག་གི་མཐའ་ཚད་ཡག་པོ་སྲུང་དགོས།
ཏིང་ཞུའེ་ཞང་ཏེན་ཁྲི་དང་ཡུན་ནན་འཛུགས་སྐྲུན་མ་འཇོག་ལིན་ཅུ་གང་ཀུང་སིར་ཕེབས་ནས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་བཅོས་སྐྱོང་བྱ་བར་རྟོག་ཞིབ་གནང་། ཁོང་གིས་བསྟན་དོན། ཡུན་ནན་གྱི་སྐྱེ་ཁམས་གོ་གནས་གལ་ཆེ་བས། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ་མཛུབ་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ཏེ། སྔོ་ལྗང་གི་རི་ཀླུང་ནི་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་ལག་བསྟར་བྱེད་དགོས་ལ། བློ་བརྟན་འགྱུར་མེད་ངང་སྐྱེ་ཁམས་སྔོན་འགྲོ་དང་ལྗང་མདོག་འཕེལ་རྒྱས་ཀྱི་ལམ་བུར་བསྐྱོད་ནས། རང་རྒྱལ་གྱི་ལྷོ་ནུབ་སྐྱེ་ཁམས་ཀྱི་བདེ་འཇགས་སྲུང་ཡོལ་ཇེ་བརྟན་དུ་གཏོང་དགོས།