
ཟླ6པའི་ཚེས4ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ལིའུ་ཆི་ཧྥན་གྱིས་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གུང་ཧོ་རྫོང་དུ་སྲིད་འབྲས་ལྟ་བ་ཡང་དག་འཛུགས་པ་དང་ལག་བསྟར་བྱེད་པའི་སློབ་སྦྱོང་སློབ་གསོ་སྤེལ་བའི་གནས་ཚུལ་ལ་རྟོག་ཞིབ་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྲིད་འབྲས་ལྟ་བ་ཡང་དག་འཛུགས་པ་དང་ལག་བསྟར་བྱེད་པའི་སྐོར་གྱི་རྒྱས་བཤད་གལ་ཆེན་དང་མཚོ་སྔོན་བྱ་བའི་ཐད་ཀྱི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ཟབ་མོ་བྱས་ཏེ། དངོས་སྒྲུབ་འགན་ཁུར་ལ་བརྟེན་ནས་སློབ་སྦྱོང་སློབ་གསོ་ལག་བསྟར་ཕན་འབྲས་ལོན་པར་སྐུལ་འདེད་བཏང་སྟེ། ལག་ལེན་དང་མི་དམངས། ལོ་རྒྱུས་བཅས་ཀྱི་ཉམས་སད་ཐེག་ཐུབ་པའི་དངོས་འབྲས་ཧུར་ཐག་གིས་བསྐྲུན་དགོས་པ་ནན་གྱིས་བསྟན།
ཆབ་ཆ་གྲོང་རྡལ་རྫི་ལང་ཐང་སྡེ་བ་རུ། ལིའུ་ཆི་ཧྥན་གྱིས་ཡུལ་དངོས་ནས་འཆམ་མཛེས་གྲོང་གསེབ་འཛུགས་སྐྲུན་གྱི་གནས་ཚུལ་ལ་ལྟ་ཞིབ་བྱས་ཏེ། སྲིད་འབྲས་ཀྱི་ལྟ་བ་ཡང་དག་དེ་གྲོང་གསེབ་དར་སྤེལ་གྱི་བརྒྱུད་རིམ་ཧྲིལ་བོར་ཁྱབ་པར་བྱེད་པ་དང་། ཐོན་ཁུངས་ཀྱི་དགེ་མཚན་ལ་རྐང་བཙུགས་ནས་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་བཏང་ནས། སྡེ་བའི་ཕྱིའི་རྣམ་པ་དང་མང་ཚོགས་ཀྱི་འཚོ་བའི་སྤུས་ཚད་མུ་མཐུད་ཇེ་ལེགས་སུ་གཏོང་དགོས་པ་ནན་གྱིས་བསྟན། བདེ་སྐྱིད་ཐང་ཞི་བསིལ་ཕན་བདེ་གླིང་དང་འཁྱམ་རུ་དགོན་པ་རུ། ལིའུ་ཆི་ཧྥན་གྱིས་དགོན་པའི་དོ་དམ་གནས་ཚུལ་རྒྱུས་ལོན་ཞིབ་མོ་བྱས་ཤིང་། རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་གྱི་ཁ་ཕྱོགས་རྒྱུན་འཁྱོངས་བྱས་ཏེ། དགོན་པའི་དོ་དམ་ཁྲིམས་སྐྱོང་ཅན་དང་ཚད་ལྡན་ཅན་སྐུལ་འདེད་གཏོང་བ། ཆོས་ལུགས་ལས་དོན་དོ་དམ་གྱི་ཞབས་ཞུའི་ལས་སྟེགས་བཀོལ་སྤྱོད་བཟང་བོ་བྱེད་པ། ཏང་གཅེས་རྒྱལ་གཅེས་དང་རྒྱལ་སྲུང་བདེ་འཇགས་སློབ་གསོར་ཤུགས་སྣོན་པ། དགེ་འདུན་པའི་ཚོགས་ཀྱི་རྒྱལ་ཁབ་ཀྱི་འདུ་ཤེས་དང་སྤྱི་དམངས་ཀྱི་འདུ་ཤེས། ཁྲིམས་སྐྱོང་གི་འདུ་ཤེས་བཅས་ཤུགས་དྲག་ཏུ་གཏོང་བར་སྣེ་ཁྲིད་པ་དང་། དགོན་པར་སྡོད་པའི་ལས་བྱེད་པར་དོ་ཁུར་གཅེས་སྐྱོང་བྱས་ཏེ། དོན་དངོས་ཀྱི་དཀའ་ཁག་ཐག་གཅོད་རོགས་བྱས་ནས་ཁོ་ཚོས་བློ་བདེ་ངང་ལས་དོན་སྒྲུབ་ཐུབ་པར་བྱེད་དགོས་པ་སོགས་ནན་གྱིས་བསྟན།
ལིའུ་ཆི་ཧྥན་གྱིས་གུང་ཧོ་རྫོང་དང་འབྲེལ་ཡོད་སྡེ་ཁག་གིས་སློབ་སྦྱོང་སློབ་གསོ་སྤེལ་བའི་གནས་ཚུལ་སྙན་ཞུ་ཕུལ་བར་ཉན་རྗེས། སློབ་སྦྱོང་སློབ་གསོ་སྤེལ་བ་ནི་ཏང་ཀྲུང་དབྱང་གིས་བཏོན་པའི་ཇུས་ཆོད་བཀོད་སྒྲིག་གལ་ཆེན་ཞིག་ཡིན་ལ། དེའི་སྲོག་ཤིང་ནི“སྲིད་འབྲས་སུའི་ཆེད་དུ་བསྐྲུན་པ་དང་སྲིད་འབྲས་ཅི་ལྟ་བུ་ཞིག་བསྐྲུན་པ། ཅི་ཞིག་ལ་བརྟེན་ནས་སྲིད་འབྲས་བསྐྲུན་པ”བཅས་ལ་ལན་གསལ་བོ་ཞིག་འདེབས་རྒྱུ་དེ་ཡིན། གུང་ཧོ་རྫོང་གིས་དངོས་སུ་སློབ་སྦྱོང་དང་དངོས་སུ་ཞིབ་བཤེར། དངོས་སུ་བསྒྱུར་བཅོས་བྱེད་པ་བཅས་རྒྱུན་འཁྱོངས་བྱས་ཏེ། སློབ་སྦྱོང་སློབ་གསོ་ཏན་ཏིག་སྒོས་ཟབ་སྤེལ་དང་། གྲོང་གསེབ་དར་སྤེལ་གྱི་གྲུབ་འབྲས་ལེགས་པ། ཆོས་ལུགས་དགོན་སྡེ་འཆམ་མཐུན་གཏན་འཇགས་ཡིན་པ། རྫོང་ཡོངས་ཀྱི་ལས་བྱེད་པས་དངོས་སྒྲུབ་འགན་ཁུར་དང་དཔའ་སྐྱེད་སྔོན་བརྩོན་གྱི་བསམ་པའི་ཉམས་འགྱུར་ལེགས་པོ་མངོན་དགོས་པ་བསྟན།
ལིའུ་ཆི་ཧྥན་གྱིས་ནན་གྱིས་བསྟན་དོན། སློབ་སྦྱོང་སློབ་གསོའི་གནད་དོན་གྱི་གསལ་ཐོ་དངོས་སུ་འཛུགས་པ་དང་། དོན་དངོས་ལག་ལེན་སྟེང་གི་དག་ཐེར་དམ་འཛིན་ལ་བརྟེན་ནས། ཀྲུང་དབྱང་གི་བཀོད་སྒྲིག་དང་ཞིང་ཆེན་ཏང་ཨུའི་བཀོད་སྒྲིག་དང་ཞིབ་བསྡུར་བྱེད་པ། “སྐོར་གཅིག་ཅན་དྲུག”གི་བྱ་བའི་བླང་བྱ་དོན་འཁྱོལ་བྱེད་པ། “དམངས་ཕན་འགུལ་སྐྱོད་བདུན”གཏིང་ཟབ་ཏུ་སྤེལ་བ། འཕེལ་རྒྱས་ཀྱི་གྲུབ་འབྲས་དངོས་ལ་བརྟེན་ནས་སློབ་སྦྱོང་སློབ་གསོའི་ཕན་འབྲས་ལ་ཞིབ་བཤེར་བྱས་ནས། རྨང་གཞི་ལེགས་པོ་འདིང་བ་དང་ཡུན་རིང་ལ་ཕན་པའི་འཕེལ་རྒྱས་ཀྱི་སྲིད་འབྲས་ཚད་ལྡན་དུ་གཏོང་དགོས། སྲིད་འབྲས་ལྟ་བ་ཡང་དག་ལ་བརྟེན་ནས་གྲོང་གསེབ་དར་སྤེལ་གྱི་ལག་ལེན་ལ་སྣེ་ཁྲིད་བྱེད་པ་དང་། འཕེལ་རྒྱས་ཀྱི་ངེས་གནས་ཡང་དག་པར་བྱེད་པ། གཞི་རྒྱ་ཆེ་བའི་དབུལ་བོར་བསྐྱར་ལོག་མི་འབྱུང་བའི་ཚད་མཐའ་བརྟན་སྲུང་བྱེད་པ། ཐོན་ཁུངས་དགེ་མཚན་ལ་རྐང་འཛུགས་པ། ཐོན་ལས་མུ་ཕྲེང་བསྲིང་བ། ཟུར་སྣོན་རིང་ཐང་ཇེ་མཐོར་གཏོང་བ། ཕྱིར་འཚོང་ཐབས་ལམ་རྒྱ་བསྐྱེད་བཅས་ཀྱི་སྟེང་ཤུགས་འདོན་པ་དང་། གྲོང་གསེབ་བཅོས་སྐྱོང་ཞིབ་ཚགས་ཅན་གྱི་ཆུ་ཚད་མུ་མཐུད་ཇེ་མཐོར་བཏང་ནས། དྲོད་ཁོལ་ལྡན་ཞིང་མི་སེམས་གཅིག་སྒྲིལ་གྱི་དམངས་ཕན་སྲིད་འབྲས་བསྐྲུན་དགོས། སྲིད་འབྲས་ལྟ་བ་ཡང་དག་ལ་བརྟེན་ནས་དགོན་སྡེ་དོ་དམ་བྱ་བ་ལེགས་པོར་སྒྲུབ་སྟེ། ཚད་མཐའི་བསམ་བློ་ཐོག་མཐའ་བར་གསུམ་དུ་ཁྱབ་པར་བྱེད་པ་དང་། “གཏན་འཁེལ་གསུམ”གྱི་བླང་བྱ་དོན་འཁྱོལ་ནན་མོ་བྱེད་པ། ནར་མ་སོན་པའི་མིས་རབ་བྱུང་སྒྲུབ་པ་གཏན་འགོག་བྱེད་དགོས། དགོན་པར་སྡོད་པའི་ལས་བྱེད་པའི་འགན་སྒྲུབ་ནུས་པ་མཐོར་འདེགས་བཏང་སྟེ། ཚན་རིག་ཁྱབ་གདལ་དང་། ཁྲིམས་སྐྱོང་སློབ་གསོ། རིག་གནས་དམངས་ཕན་བཅས་ཀྱི་བྱེད་སྒོ་དགོན་སྡེ་རུ་བསྐྱོད་པ་དང་གྲོང་གསེབ་ཏུ་བསྐྱོད་པར་མུ་མཐུད་སྐུལ་འདེད་བཏང་ནས། སྤྱི་ཡོངས་འགན་སྲུང་དང་འཆམ་མཐུན་ལ་སྐུལ་བའི་གཏན་འཇགས་ཀྱི་སྲིད་འབྲས་བསྐྲུན་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལེའུ་རྩོམ་ཆེད་འགན་སྲུང་བརྟན་པོ་འདོན་སྤྲོད་བྱེད་དགོས།
རིག་འཛིན་སྒྲོལ་མས་བསྒྱུར།