ཧན་ཀྲེང་སྐབས29པའི་ཧྲིན་པིས་ཏི་པའོ་ཡི་རྒྱལ་སྤྱིའི་དཔལ་འབྱོར་གླེང་སྟེགས་ཀྱི་ཚང་འཛོམས་གྲོས་ཚོགས་ལ་ཞུགས་པ་མ་ཟད་ཤིས་ཚིག་ཕུལ། 
ཁུངས། ཀློག་གྲངས།

ཟླ6པའི་ཚེས5ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཧན་ཀྲེང་ཧྲིན་པིས་ཏི་པའོ་རུ་སྐབས29པའི་ཧྲིན་པིས་ཏི་པའོ་རྒྱལ་སྤྱིའི་དཔལ་འབྱོར་གླེང་སྟེགས་ཀྱི་ཚང་འཛོམས་གྲོས་ཚོགས་ལ་ཞུགས་པ་མ་ཟད། ཁ་བྱང་ལ་གོ་ལ་ཧྲིལ་པོའི་བཅོས་སྐྱོང་གི་གྲོས་འགོ་ལག་ལེན་བྱས་ནས་ལག་གདང་མཉམ་སྦྲེལ་སྒོས་མཛེས་སྡུག་ལྡན་པའི་མ་འོངས་པ་བསྐྲུན་ཞེས་པའི་ཤིས་ཚིག་ཕུལ་བ་རེད། 

ཧན་ཀྲེང་གིས་ཤིས་ཚིག་ཁྲོད་བསྟན་དོན། དེང་སྐབས་འཛམ་གླིང་གི་ལོ་བརྒྱའི་འགྱུར་ལྡོག་ཇེ་མགྱོགས་སུ་ཕྱིན་ནས། གོ་ལ་ཧྲིལ་པོའི་རང་བཞིན་གྱི་འགྲན་སློང་དང་བཅོས་སྐྱོང་མཚལ་ཡིག་སྔར་ལས་མངོན་གསལ་དུ་ཕྱིན་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་གོ་ལ་ཧྲིལ་པོའི་བཅོས་སྐྱོང་གི་གྲོས་འགོར་རྒྱལ་ཁབ་དང་རྒྱལ་སྤྱིའི་རྩ་འཛུགས160ཉེ་བ་ལྷག་གིས་དང་ལེན་དང་རྒྱབ་སྐྱོར་ཐོབ་ཡོད། གོ་ལ་ཧྲིལ་པོའི་བཅོས་སྐྱོང་གྲོགས་པོའི་ཚན་ཆུང་དེ་མཉམ་འབྲེལ་རྒྱལ་ཚོགས་སུ་བཙུགས་ནས། མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་ཁྲིམས་དམིགས་ཡུལ་དང་རྩ་དོན་སྲུང་སྐྱོང་དང་། དོན་དམ་གྱི་ཕྱོགས་མང་རིང་ལུགས་སྲུང་སྐྱོང་དང་། ཕྱོགས་རྐྱང་རིང་ལུགས་ལ་ངོ་རྒོལ་བྱེད་པའི་གཅིག་མཐུན་གྱི་སྐད་སྒྲ་བསྒྲགས་ཡོད། ཀྲུང་ཨུ་རྒྱལ་ཁབ་གཉིས་ནི་འཛམ་གླིང་གི་རྒྱལ་ཁབ་ཆེན་པོ་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ལས་འགན་རྒྱུན་འཛིན་མཁན་གྱི་རྒྱལ་ཁབ་ཡིན་པས། གོ་ལ་ཧྲིལ་པོའི་བཅོས་སྐྱོང་མ་ལག་བསྒྱུར་བཅོས་འཕེལ་རིམ་ཁྲོད་འགན་འཁྲི་གལ་ཆེན་འཁུར་ཡོད། ཀྲུང་གོའི་ཕྱོགས་ཀྱིས་ཨུ་རུ་སུ་གཏོགས་པའི་ཕྱོགས་སོ་སོ་དང་མཉམ་དུ། གོ་ལ་ཧྲིལ་པོའི་བཅོས་སྐྱོང་གི་གྲོས་འགོ་དོན་འཁྱོལ་ལ་སྐུལ་འདེད་གཏོང་རྒྱུར་དམིགས་ནས། མཉམ་ལས་ལ་ཤུགས་བསྣན་ཏེ་སྒོ་འབྱེད་དཀྱེལ་ཡངས་དང་། དྲང་གཞག་དྲང་བདེན།   མཉམ་ལས་མཉམ་རྒྱལ་བཅས་ཀྱི་འཛམ་གླིང་བསྐྲུན་འདོད་ཡོད།

ཧན་ཀྲེང་གིས་གོ་ལ་ཧྲིལ་པོའི་བཅོས་སྐྱོང་གི་གྲོས་འགོ་ལག་ལེན་བྱ་རྒྱུའི་ཐད་གྲོས་འགོ་ཁག་བཞི་བཏོན་པ་སྟེ། གཅིག་ནི་འདྲ་མཉམ་མཉམ་ལས་རྒྱུན་འཁྱོངས་བྱས་ཏེ། མཉམ་གྲོས་མཉམ་སྐྲུན་མཉམ་སྤྱོད་བཅས་ཀྱི་གོ་ལ་ཧྲིལ་པོའི་བཅོས་སྐྱོང་ལྟ་བ་དར་སྤེལ་གཏོང་དགོས། གཉིས་ནི་རྒྱལ་སྤྱིའི་དྲང་བདེན་དྲང་གཞག་བརྟན་སྲུང་བྱས་ནས། མཉམ་འབྲེལ་རྒྱལ་ཚོགས་ཀྱི་གོ་གནས་དང་དབང་གྲགས་སྲུང་སྐྱོང་བྱ་དགོས། གསུམ་ནི་ཐུན་མོང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་ནས། རྒྱལ་ཁབ་སོ་སོའི་མི་དམངས་ཀྱི་ཐོབ་སྣང་ཆེ་རུ་གཏོང་དགོས། བཞི་ནི་མཐུན་སྦྱོར་འགུལ་སྐྱོད་ལ་ཤུགས་བསྣན་ནས། མཐོང་ཐུབ་པའི་གྲུབ་འབྲས་སྔར་ལས་མང་པོ་བསྐྲུན་དགོས།  

ཧན་ཀྲེང་གིས་བསྟན་དོན། ད་ལོ་ནི་ཀྲུང་གོའི་ལོ་ལྔའི་འཆར་འགོད་བཅོ་ལྔ་པ་འགོ་ཚུགས་པའི་ལོ་ཡིན། ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་ནང་མ་འོངས་ལོ་ལྔའི་རིང་གི་ཀྲུང་གོའི་འཕེལ་རྒྱས་ཀྱི་རླབས་ཆེན་འཆར་གཞི་བཀོད་ཡོད་ལ། ཀྲུང་གོ་དང་འཛམ་གླིང་རྒྱལ་ཁབ་སོ་སོའི་མཉམ་ལས་མཉམ་རྒྱལ་གྱི་མདུན་ལམ་བཟང་པོ་ཡང་མངོན་ཡོད་པ་དང་། ཀྲུང་གོའི་ཕྱོགས་ཀྱིས་ཕྱོགས་སོ་སོ་དང་མཉམ་དུ་གོ་ལ་ཧྲིལ་པོའི་བཅོས་སྐྱོང་གི་གྲོས་འགོ་ཁྱོན་ཡོངས་ནས་དོན་འཁྱོལ་དང་། སྔར་ལས་དྲང་གཞག་ལུགས་མཐུན་གྱི་གོ་ལ་ཧྲིལ་པོའི་བཅོས་སྐྱོང་མ་ལག་བཙུགས་ནས། མིའི་རིགས་ཀྱི་སྔར་ལས་མཛེས་སྡུག་ལྡན་པའི་མ་འོངས་པ་མཉམ་དུ་བསྐྲུན་འདོད་ཡོད། 

ཤིས་ཚིག་རྗེས་ཀྱི་མཉམ་འགུལ་གོ་རིམ་ཁྲོད་ཧན་ཀྲེང་གིས་ཀྲུང་ཨུ་འབྲེལ་བའི་ཐད་ཚང་འཛོམས་གྲོས་ཚོགས་ཀྱི་མགོ་འཛིན་པའི་དྲི་བར་ལན་བཏབ།