ཧན་ཀྲིན་ཁྲོམ་ར་ཆེན་མོ་མཉམ་སྤྱོད་ཀྱི་ཕྱིར་གཏོང་ཀྲུང་གོ་ཞེས་པའི་ཨུ་རུ་སི་དཀར་པོའི་ཆེད་དོན་བྱ་འགུལ་ལ་ཞུགས་པར་མ་ཟད་ཤིས་ཚིག་ཕུལ།
ཁུངས། ཞིན་ཧྭ་གསར་འགྱུར་ཁང་། ཀློག་གྲངས།

ས་དེའི་དུས་ཚོད2026ལོའི་ཟླ6པའི་ཚེས7ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཧན་ཀྲིན་མིན་སི་ཁི་རུ་ཁྲོམ་ར་ཆེན་མོ་མཉམ་སྤྱོད་ཀྱི་ཕྱིར་གཏོང་ཀྲུང་གོ་ཞེས་པའི་ཨུ་རུ་སི་དཀར་པོའི་ཆེད་དོན་བྱ་འགུལ་ལ་ཞུགས་པར་མ་ཟད་ཤིས་ཚིག་ཕུལ།

ཧན་ཀྲིན་གྱིས་བཤད་རྒྱུར། ཀྲུང་གོ་དང་ཨུ་རུ་སི་དཀར་པོའི་བར་འབྲེལ་བ་བཙུགས་ནས་ལོ་ངོ་སུམ་ཅུ་འཁོར་བའི་རིང་། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་སྔར་ལས་ཇེ་ཟབ་ཏུ་ཕྱིན་པ་དང་། སྲོལ་རྒྱུན་མཛའ་བརྩེ་སྔར་ལས་བརྟན་པོ་ཡིན། ན་ནིང་གི་ཟླ8པར། ཀྲུའུ་ཞི་ཞི་ཅིན་ཕིང་གིས་སྲིད་འཛིན་ལུའུ་ཁཱ་ཧྲིན་ཁི་དང་མཉམ་དུ་མཇལ་འཛོམས་གནང་ནས། ཕྱོགས་གཉིས་ཀྱི་འབྲེལ་བའི་འཕེལ་རྒྱས་ཐད་མཉམ་དུ་འཆར་གཞི་གསར་བ་བཀོད་དེ། ཕྱོགས་གཉིས་ཀྱི་ཁྱབ་ཁོངས་སོ་སོའི་མཉམ་ལས་ལ་སྒུལ་ཤུགས་གསར་བ་བསྣན་ཡོད།

ཧན་ཀྲིན་གྱིས་བསྟན་དོན། མིག་སྔར། གོ་ལ་ཧྲིལ་བོའི་ཆབ་སྲིད་དང་དཔལ་འབྱོར་གྱི་སྒྲིག་གཞིར་འགྱུར་ལྡོག་ཆེན་པོ་འབྱུང་བཞིན་ཡོད་པས། རྒྱལ་ཁབ་སོ་སོའི་འཕེལ་རྒྱས་དང་གོ་ལ་ཧྲིལ་བོའི་རང་མོས་ཉོ་ཚོང་ཐད་ཀྱི་འགྲན་སློང་སྔར་ལས་ཇེ་མང་དུ་འགྲོ་བཞིན་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་བསྟན་དོན། སྐྱིད་སྡུག་མཉམ་མྱོང་དང་མཐུན་སྒྲིལ་མཉམ་ལས་ནི་ཡང་དག་པའི་གདམ་ག་གཅིག་པུ་ཡིན། ཨུ་རུ་སི་དཀར་པོ་ནི་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་གྱི་གྲོས་གཞི་ཆེས་ཐོག་མར་དང་ལེན་བྱེད་མཁན་དང་དེའི་ཁྲོད་ཧུར་ཐག་གིས་ཟབ་ཞུགས་བྱེད་མཁན་རྒྱལ་ཁབ་ཀྱི་ཡ་གྱལ་ཡིན་པས། ཀྲུང་གོས་ཨུ་རུ་སི་དཀར་པོ་འདི་ཉིད་ཡོ་རོབ་དང་ཨེ་ཤ་ཡའི་ས་ཁུལ་གྱི་དཔལ་འབྱོར་ཉོ་ཚོང་གི་གྲོགས་པོ་བཟང་པོར་བརྩི་བཞིན་ཡོད། ཀྲུང་གོའི་ཕྱོགས་ཀྱིས་ཨུ་རུ་སི་དཀར་པོའི་ཕྱོགས་དང་མཉམ་དུ་སྲིད་ཇུས་སྦྲེལ་མཐུད་དང་ཐོན་ལས་མཉམ་ལས་ལ་སྔར་ལས་ཤུགས་སྣོན་པ་དང་། ཉོ་ཚོང་གི་བརྒྱུད་ལམ་གེགས་མེད་ཡོང་བར་བྱེད་པ། ཉོ་ཚོང་གཞི་ཁྱོན་རྒྱ་བསྐྱེད་པ། གཞི་གྲངས་དཔལ་འབྱོར་གྱི་ལས་རྣམ་གསར་བ་བསྐྲུན་པ། ཀྲུང་གོ་དང་ཡོ་རོབ་གླིང་གི་མེ་འཁོར་གྱི་སྟབས་བདེ་ནུས་མཐོའི་སྐྱེལ་འདྲེན་ལ་སྐུལ་འདེད་གཏོང་བ་དང་། ཕྱོགས་གཉིས་ཀྱི་ཉོ་ཚོང་བསྟུད་མར་འཕེལ་རྒྱས་འགྲོ་བར་ཆ་རྐྱེན་ལེགས་པོ་བསྐྲུན་པ་བཅས་བྱས་ནས། སྒོ་འབྱེད་ཅན་གྱི་འཛམ་གླིང་དཔལ་འབྱོར་འཛུགས་པར་མཉམ་དུ་སྐུལ་འདེད་གཏོང་འདོད་ཡོད།

ཧན་ཀྲིན་གྱིས་བསྟན་དོན། ད་ལོ་ནི་ཀྲུང་གོའི་ལོ་ལྔའི་འཆར་འགོད་བཅོ་ལྔ་པ་འགོ་རྩོམ་པའི་ལོ་ཡིན་པས། ཀྲུང་གོས་ཐོག་མཐའ་བར་གསུམ་དུ་ཕྱི་ཕྱོགས་སྒོ་འབྱེད་ཀྱི་རྩ་བའི་རྒྱལ་ཇུས་རྒྱུན་འཁྱོངས་བྱེད་པ་དང་། འཛམ་གླིང་མཉམ་དུ་གོ་སྐབས་མཉམ་སྤྱོད་དང་མཉམ་དུ་འཕེལ་རྒྱས་འགྲོ་དགོས། ན་ནིང་། ཀྲུང་གོས་ཁྲོམ་ར་ཆེན་མོ་མཉམ་སྤྱོད་ཀྱི་ཕྱིར་གཏོང་ཀྲུང་གོ་ཞེས་པའི་ཕྲེང་བསྟར་བྱེད་སྒོ་སྤེལ་ནས། ཉོ་ཚོང་གྲོགས་པོ་དང་མཉམ་དུ་མཉམ་ལས་ཆེན་པོར་ཤུགས་བཏོན་པ་དང་། འཕེལ་རྒྱས་ཀྱི་དཀའ་གནད་མཉམ་དུ་སེལ་ཐབས་བྱས་ཏེ། ཕྱོགས་མང་ཉོ་ཚོང་ལམ་ལུགས་དང་རང་མོས་ཉོ་ཚོང་ལ་སྲུང་སྐྱོབ་བྱས་པ་དང་། འཛམ་གླིང་གི་དཔལ་འབྱོར་ལ་དྲང་ནུས་བསྣན་ཡོད། ཐེངས་འདིར་སྒྲུབ་པའི་ཨུ་རུ་སི་དཀར་པོའི་ཆེད་དོན་བྱེད་སྒོ་ནི2026ལོའི་ཕྱིར་གཏོང་ཀྲུང་གོའི་ཕྱི་ཕྱོགས་བྱེད་སྒོ་ཐོག་མ་ཡིན་པས། ཀྲུང་གོའི་ཕྱོགས་ཀྱི་ཁེ་ལས་བཞི་བཅུ་ལྷག་དང་ཨུ་རུ་སི་དཀར་པོའི་ཕྱོགས་ཀྱི་ཁེ་ལས་ཉིས་བརྒྱ་ལྷག་སྦྲེལ་མཐུད་ལ་ཞུགས་ནས། ཨུ་རུ་སི་དཀར་པོའི་ཐོན་རྫས་ཀྲུང་གོའི་ཁྲོམ་རར་བསྐྱོད་པར་ཐབས་ལམ་འདོན་སྤྲོད་བྱ་རྒྱུ་རེད། ཨུ་རུ་སི་དཀར་པོའི་ཕྱོགས་ཀྱིས་གོ་སྐབས་དམ་འཛིན་བྱས་ཏེ། ཀྲུང་གོའི་ཉོ་ཚོང་མཉམ་ལམ་ཁྱབ་ཁོངས་སྔར་ལས་རྒྱ་བསྐྱེད་པ་དང་། གཉིས་ཕན་མཉམ་རྒྱལ་མངོན་འགྱུར་བྱས་ནས། ཀྲུང་གོ་དང་ཨུ་རུ་སི་དཀར་པོའི་དཔལ་འབྱོར་ཉོ་ཚོང་མཉམ་ལས་ཀྱི་ལེའུ་གསར་བ་མཉམ་དུ་འབྲི་བར་དགའ་བསུ་བྱེད་བཞིན་ཡོད།

ཁྲོམ་ར་ཆེན་མོ་མཉམ་སྤྱོད་ཀྱི་ཕྱིར་གཏོང་ཀྲུང་གོ་ཞེས་པའི་ཨུ་རུ་སི་དཀར་པོའི་ཆེད་དོན་བྱེད་སྒོ་ནི་ཀྲུང་གོའི་ཚོང་དོན་པུའུ་དང་ཨུ་རུ་སི་དཀར་པོའི་ཕྱི་འབྲེལ་པུའུ་གཉིས་ཀྱིས་མཉམ་དུ་གཙོ་སྒྲུབ་བྱས། ཀྲུང་གོ་དང་ཨུ་རུ་སི་དཀར་པོ་རྒྱལ་ཁབ་གཉིས་ཀྱི་སྲིད་ཚོང་ལས་རིགས་ཀྱི་འཐུས་ཚབ་པ500ལྷག་བྱེད་སྒོར་ཞུགས། ཕྱོགས་གཉིས་ཀྱི་ཁེ་ལས་ཀྱིས་ཡུལ་དངོས་སུ་ཚོང་དོན་གྲོས་མོལ་བྱས་ཏེ། མཉམ་ལས་མོས་མཐུན་གྱི་ལས་གཞི་མང་པོར་མིང་རྟགས་བཀོད།

ཧན་ཀྲིན་གྱིས་ད་དུང་ཨུ་རུ་སི་དཀར་པོའི་ཞིང་ལས་འགྲེམ་སྟོན་ལ་གཟིགས་ཞིབ་གནང་།

ལྷ་མོ་འཚོས་བསྒྱུར།