
ཟླ6ཚེས8ཉིན། ཕིང་རང་དུ་ཕེབས་ནས་ཁྲའོ་ཞན་དམངས་གཙོ་རིང་ལུགས་མི་དམངས་སྤྱི་མཐུན་རྒྱལ་ཁབ་ལ་རྒྱལ་དོན་འཚམས་འདྲི་གནང་བའི་སྐབས་སུ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཁྲའོ་ཞན་གྱི《ངལ་རྩོལ་གསར་འགྱུར》སྟེང་ཁ་བྱང་ལ《སྔ་འཛིན་ཕྱི་གཏོད་དང་འབད་འབུངས་མཉམ་སྐྱོད་ཀྱིས་ཀྲུང་ཁྲའོ་བར་གྱི་སྲོལ་རྒྱུན་མཛའ་བརྩེའི་ལེའུ་གསར་པ་མུ་མཐུད་དུ་འབྲི་དགོས》ཞེས་པའི་མཚན་བཀོད་རྩོམ་ཡིག་བཀོད། ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོ་དང་ཁྲའོ་ཞན་རྒྱལ་ཁབ་གཉིས་ནི་ཕན་ཚུན་རོགས་རེས་དང་ལས་སྐལ་གཅིག་མཐུན་གྱི་སྤྱི་ཚོགས་རིང་ལུགས་ཀྱི་མཛའ་བརྩེའི་ཁྱིམ་མཚེས་རྒྱལ་ཁབ་ཅིག་ཡིན། ཀྲུང་གོ་དང་ཁྲའོ་ཞན་གྱི་སྲོལ་རྒྱུན་མཛའ་བརྩེ་ནི་ཏང་གཉིས་དང་རྒྱལ་ཁབ་གཉིས། རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་ཐུན་མོང་གི་རྒྱུ་ནོར་རྩ་ཆེན་དེ་ཡིན། དུས་རབས་ལ་འཕོ་འགྱུར་ཇི་ལྟར་བྱུང་བ་དང་རྒྱལ་སྤྱིའི་གནས་བབ་ལ་འགྱུར་ལྡོག་ཇི་ལྟར་བྱུང་རུང་། ཀྲུང་གོ་དང་ཁྲའོ་ཞན་བར་གྱི་སྲོལ་རྒྱུན་མཛའ་བརྩེ་ཐོག་མཐའ་བར་གསུམ་དུ་སྲ་ཞིང་བརྟན་པ་དང་ལོ་རྒྱུས་ཀྱི་རྒྱུན་རིང་ལ། སྐྱེ་སྟོབས་ཀྱི་དཔལ་འབར་བཞིན་ཡོད།
ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། རིམ་པ་མཐོ་ཤོས་ཀྱི་འཐབ་ཇུས་སྣེ་ཁྲིད་ནི་ཀྲུང་གོ་དང་ཁྲའོ་ཞན་འབྲེལ་བའི་དགེ་མཚན་ཆེ་ཤོས་དེ་ཡིན། སྤྱི་ཚོགས་རིང་ལུགས་ཀྱི་ཐུན་མོང་གི་ཕུགས་བསམ་ནི་ཀྲུང་གོ་དང་ཁྲའོ་ཞན་འབྲེལ་བའི་རྨང་གཞི་ལེགས་པོ་དེ་ཡིན་པ་དང་། ལས་སྐལ་གཅིག་མཐུན་གྱི་སྲོལ་རྒྱུན་མཛའ་བརྩེ་ནི་ཀྲུང་གོ་དང་ཁྲའོ་ཞན་འབྲེལ་བའི་རྨང་གཞི་ཟབ་མོ་དེ་ཡིན་ལ། ཆུ་ཚད་མཐོ་བའི་འཐབ་ཇུས་མཉམ་ལས་ནི་ཀྲུང་ཁྲའོ་འབྲེལ་བའི་དུས་རབས་ཀྱི་ནང་སྙིང་ཡིན། ཉེ་བའི་ལོ་ཤས་རིང་། འཕོ་འགྱུར་ཤིན་ཏུ་ཆེ་བའི་འཛམ་གླིང་གི་ལོ་བརྒྱའི་འགྱུར་ལྡོག་དང་ཟང་ཟིང་མཉམ་གནས་ཀྱི་རྒྱལ་སྤྱིའི་གནས་བབ་འོག ཀྲུང་གོ་དང་ཁྲའོ་ཞན་ཕྱོགས་གཉིས་ཀྱིས་སེམས་ཤུགས་གཅིག་སྒྲིལ་གྱིས་རང་ཉིད་ཀྱི་བྱ་བ་ཡག་པོ་བསྒྲུབ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། སྤྱི་ཚོགས་རིང་ལུགས་ཀྱི་བགྲོད་ལམ་སྟེང་འབད་འབུངས་མདུན་སྐྱོད་དང་འབད་འཐབ་ལྷོད་མེད་བྱས། ཀྲུང་གོས་ནུས་ཤུགས་ཡོད་རྒུས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་གྱི་རྣམ་པ་གསར་པ་བཏོད་བཞིན་ཡོད་པ་དང་། ཁྲའོ་ཞན་གྱིས་སྤྱི་ཚོགས་རིང་ལུགས་ཕྱོགས་ཡོངས་ནས་འཕེལ་རྒྱས་འགྲོ་བའི་དུས་སྐབས་གསར་པ་གཏོད་བཞིན་ཡོད།
ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོ་དང་ཁྲའོ་ཞན་བར་གྱི་འབྲེལ་བ་སྲུང་སྐྱོང་དང་སྲ་བརྟན་དུ་གཏོང་རྒྱུ་དེ་ནི་ཐོག་མཐའ་བར་གསུམ་དུ་ཀྲུང་གོའི་ཏང་དང་སྲིད་གཞུང་གི་བློ་བརྟན་འགྱུར་མེད་ཀྱི་བྱེད་ཕྱོགས་ཤིག་ཡིན། ཀྲུང་གོའི་ཕྱོགས་ནས་ཁྲའོ་ཞན་དང་མཉམ་དུ་འཐབ་ཇུས་ཀྱི་མཐོ་ཚད་ནས། ཀྲུང་གོ་དང་ཁྲའོ་ཞན་འབྲེལ་བ་དམ་འཛིན་ཡག་པོ་བྱས་ཏེ། ཀྲུང་གོ་དང་ཁྲའོ་ཞན་འབྲེལ་བ་བབ་བསྟུན་འཕེལ་རྒྱས་དང་སྔར་ལས་ལྷག་པའི་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད། འཐབ་ཇུས་འབྲེལ་གཏུག་གཏིང་ཟབ་ཏུ་བཏང་ནས། ཀྲུང་གོ་དང་ཁྲའོ་ཞན་འབྲེལ་བ་འཕེལ་རྒྱས་ཀྱི་ཡང་དག་པའི་ཁ་ཕྱོགས་དམ་འཛིན་ནན་མོ་བྱེད་དགོས། བརྗེ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་པར་ཤུགས་བསྣན་ནས། རྒྱལ་ཁབ་གཉིས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་བརྟན་པོའི་ངང་འཕེལ་རྒྱས་འགྲོ་བར་མཉམ་དུ་སྐུལ་འདེད་གཏོང་དགོས། དངོས་སྒྲུབ་མཉམ་ལས་རྒྱ་སྐྱེད་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་བདེ་སྐྱིད་དང་མཛའ་བརྩེ་བསྟུད་མར་ཇེ་ཟབ་ཏུ་གཏོང་དགོས། ཕྱོགས་མང་མཉམ་ལས་དམ་ཟབ་བྱས་ཏེ། རྒྱལ་སྤྱིའི་འདྲ་མཉམ་དང་དྲང་གཞག་ལ་མཐའ་གཅིག་ཏུ་སྲུང་སྐྱོང་བྱེད་དགོས། ང་ཚོས་ཁྲའོ་ཞན་གྱི་བློ་མཐུན་དང་ལག་གདང་སྦྲེལ་ནས་མདུན་སྐྱོད་བྱས་ཏེ་མུ་མཐུད་དུ་རྣམ་པ་གསར་པ་གཏོད་པ་དང་། ཀྲུང་གོ་དང་ཁྲའོ་ཞན་བར་གྱི་སྲོལ་རྒྱུན་མཛའ་བརྩེ་ལ་སྔར་ལས་ལྷག་པའི་དུས་རབས་ཀྱི་བཀྲག་མདངས་འཚེར་དུ་བཅུག་སྟེ། ས་ཁུལ་དང་ཐ་ན་འཛམ་གླིང་གི་ཞི་བདེ་བརྟན་ལྷིང་དང་འཕེལ་རྒྱས་དར་རྒྱས་ལ་སྐུལ་འདེད་གཏོང་ཆེད་སྔར་ལས་ལྷག་པའི་བྱས་རྗེས་འཇོག་འདོད་ཡོད།