ཞི་ཅིན་ཕིང་དང་ཀེ་ཨོར་ཀེ་ཡའི་སྲིད་འཛིན་གཉིས་ཀྱིས་ཀྲུང་གོ་དང་ཀེ་ཨོར་ཀེ་ཡའི་བར་འབྲེལ་བ་བཙུགས་ནས་ལོ34འཁོར་བར་ཕན་ཚུན་རྟེན་འབྲེལ་ཞུ་བའི་གློག་འཕྲིན་བཏང་བ་མ་ཟད་ཕྱོགས་གཉིས་ཀྱི་འབྲེལ་བ་ཕྱོགས་ཡོངས་འཐབ་ཇུས་གྲོགས་པོའི་འབྲེལ་བར་རིམ་སྤོར་བྱ་རྒྱུ་ཁྱབ་བསྒྲགས་བྱས།
ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས།

ཟླ་དྲུག་པའི་ཚེས་དགུ་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀེ་ཨོར་ཀི་ཡའི་སྲིད་འཛིན་ཁ་ཝེ་ལ་ཧྲི་ཝེ་ལི་དང་ཕན་ཚུན་རྟེན་འབྲེལ་ཞུ་བའི་གློག་འཕྲིན་བཏང་སྟེ་རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་ལོ་འཁོར་སོ་བཞི་ལོན་པར་རྟེན་འབྲེལ་ཞུས།

ཞི་ཅིན་ཕིང་གིས་བསྟན་དོན། ལོ་ངོ་སོ་བཞིའི་རིང་། ཀྲུང་གོ་དང་ཀེ་ཨོར་ཀེ་ཡའི་རྒྱལ་ཁབ་གཉིས་ཀྱིས་ཐོག་མཐའ་བར་གསུམ་དུ་ཕན་ཚུན་བརྩི་འཇོག་དང་ཕན་ཚུན་ཡིད་ཆེས། མཉམ་འབྲེལ་མཉམ་རྒྱལ་གྱི་རྩ་དོན་རྒྱུན་འཁྱོངས་བྱས་ཏེ། ཕྱོགས་གཉིས་ཀྱི་འབྲེལ་བ་བརྟན་པོའི་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་ནས། ཁྱབ་ཁོངས་སོ་སོའི་མཉམ་ལས་ལ་གྲུབ་འབྲས་གཡུར་དུ་ཟ་བ་བླངས་ཡོད། 2023ལོར་ཀྲུང་གོ་དང་ཀེ་ཨོར་ཀེ་ཡའི་རྒྱལ་ཁབ་གཉིས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་བཙུགས་རྗེས། ཕྱོགས་གཉིས་ཀྱི་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱེད་ཚད་སྔར་བས་ཇེ་བརྟན་དུ་ཕྱིན་པ་དང་། དངོས་སྒྲུབ་མཉམ་ལས་ལ་མགྱོགས་མྱུར་གྱིས་སྐུལ་འདེད་བཏང་ནས། ཕྱོགས་མང་མཉམ་ལས་ལ་སྔར་བས་ཕན་འབྲས་ཐོན་ཡོད།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། རྒྱལ་སྤྱིའི་གནས་བབ་ལ་འགྱུར་ལྡོག་ཇི་འདྲ་བྱུང་རུང་ཀྲུང་གོ་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་འཐབ་ཇུས་ཀྱི་མཐོ་ཚད་དང་ཡུན་རིང་གི་ཟུར་ཚད་ནས་ཀྲུང་གོ་དང་ཀེ་ཨོར་ཀེ་ཡའི་འབྲེལ་བར་ལྟ་སྟངས་འཛིན་བཞིན་ཡོད། གོ་སྐབས་འདི་དང་བསྟུན་ནས་ངས་སྲིད་འཛིན་ཁ་ཝེ་ལ་ཧྲི་ཝེ་ལི་དང་མཉམ་དུ་ཀྲུང་གོ་དང་ཀེ་ཨོར་ཀེ་ཡ་གཉིས་ཀྱི་འབྲེལ་བ་ཕྱོགས་ཡོངས་འཐབ་ཇུས་གྲོགས་པོའི་འབྲེལ་བར་རིམ་སྤོར་བྱ་རྒྱུ་ཁྱབ་བསྒྲགས་བྱེད་འདོད་ཡོད། འདིས་ཀྲུང་གོ་དང་ཀེ་ཨོར་ཀེ་ཡ་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་འགྲོ་བར་མདུན་ལམ་གསར་པ་གཏོད་རྒྱུ་དང་། རྒྱལ་ཁབ་གཉིས་ཀྱི་སྲོལ་རྒྱུན་མཛའ་བརྩེ་ཡི་ལེའུ་གསར་པ་མུ་མཐུད་དུ་འབྲི་བ། ཕྱོགས་གཉིས་ཀྱི་གཉིས་ཕན་མཉམ་ལས་ལ་སྒུལ་ཤུགས་ཆེན་པོ་སྣོན་པ། ཀྲུང་གོ་དང་ཀེ་ཨོར་ཀེ་ཡའི་མི་དམངས་ལ་བདེ་སྐྱིད་སྔར་བས་མང་བོ་བསྐྲུན་རྒྱུ་བཅས་ལ་ཡིད་ཆེས་ཡོད།

ཁ་ཝེ་ལ་ཧྲི་ཝེ་ལེ་ཡིས་བསྟན་དོན། འདས་ཟིན་པའི་ལོ་ངོ་སུམ་ཅུ་ལྷག་ལ་ཕྱིར་དྲན་བྱས་ན། ཀེ་ཨོར་ཀེ་ཡ་དང་ཀྲུང་གོའི་བར་ཡུན་རིང་གི་མཛའ་བརྩེ་འབྲེལ་བ་བཙུགས་ནས་ཕྱོགས་གཉིས་ཀྱི་འབྲེལ་བས་ཕན་ཚུན་བརྩི་འཇོག་དང་ཕན་ཚུན་ཡིད་ཆེས། འཛུགས་སྐྲུན་རང་བཞིན་གྱི་མཉམ་འབྲེལ་བཅས་ཀྱི་རྨང་གཞི་སྟེང་གྲུབ་འབྲས་མངོན་གསལ་བླངས་ཡོད། རྒྱལ་ཁབ་གཉིས་ཀྱི་བར་འབྲེལ་བ་བཙུགས་ནས་ལོ་འཁོར་སོ་བཞི་ལོན་པའི་སྐབས་སུ། ང་ཚོས་ཐུན་མོང་གིས་ཀེ་ཨོར་ཀེ་ཡ་དང་ཀྲུང་གོ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་ཕྱོགས་ཡོངས་འཐབ་ཇུས་གྲོགས་པོའི་ཆུ་ཚད་དུ་མཐོ་རུ་གཏོང་རྒྱུའི་ཐག་བཅད། འདིས་རྒྱལ་ཁབ་གཉིས་ཀྱི་མཉམ་ལས་ལ་གོ་སྐབས་སྔར་བས་མང་པོ་བསྐྲུན་ཐུབ་པ་དང་རྒྱལ་ཁབ་གཉིས་ལ་ཁེ་ཕན་སྔར་བས་ཆེན་པོ་ཐོབ་ཐུབ་པ་མ་ཟད། རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་མཛའ་བརྩེའི་འབྲེལ་བ་སྔར་བས་ཇེ་ཟབ་ཏུ་གཏོང་རྒྱུ་བཅས་ལ་ཡིད་ཆེས་ཡོད།