
ཟླ6པའི་ཚེས9ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྩ་ཁྲིམས་ཀྱི་དམ་བཅའ་འཇོག་པའི་མཛད་སྒོ་བསྡུས། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་ལྟ་སྐུལ་གནང་།
ཟླ6པའི་ཚེས9ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྩ་ཁྲིམས་ཀྱི་དམ་བཅའ་འཇོག་པའི་མཛད་སྒོ་བསྡུས། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་ལྟ་སྐུལ་གནང་།
《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས》དང《རྒྱལ་སྲིད་སྤྱི་ཁྱབ་ཁང་དང་དེའི་སྡེ་ཁག་སོ་སོས་བསྐོ་གཞག་བྱས་པའི་རྒྱལ་ཁབ་ཀྱི་ལས་བྱེད་མི་སྣས་རྩ་ཁྲིམས་ཀྱི་དམ་བཅའ་འཇོག་པའི་རྩ་འཛུགས་བྱེད་ཐབས》གཞིར་བཟུང་ནས། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་བསྐོ་གཞག་བྱས་པའི་སྡེ་ཁག་དང་ལས་ཁུངས་སོ་གསུམ་གྱི་འགན་འཁུར་བ་སོ་བདུན་གྱིས་ཁྲིམས་ལྟར་རྩ་ཁྲིམས་ཀྱི་དམ་བཅའ་བཞག
ཕྱི་དྲོའི་དུས་ཚོད་བཞི་པར། རྒྱལ་སྲིད་ཨུ་ཡོན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དྲུང་ཡིག་ཆེན་མོའི་འགན་གཅིག་ལྕོགས་སུ་ཁུར་མཁན་ཝུའུ་ཀྲེང་ལུང་གིས་རྩ་ཁྲིམས་ཀྱི་དམ་བཅའ་འཇོག་པའི་མཛད་སྒོ་འགོ་བརྩམས་པ་ཁྱབ་བསྒྲགས་གནང་། ཚང་མ་ཡར་ལངས་ནས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་གླུ་བླངས། དེའི་འཕྲོར། དམ་བཅའ་འཇོག་མཁན་གྱིས་ལག་པས་རྩ་ཁྲིམས་ལ་རག་ཅིང་དམ་ཚིག་གྱེར་འདོན་བྱས་པ་དང་། དམ་བཅའ་འཇོག་མཁན་གཞན་དག་གིས་རུ་སྒྲིག་ནས་མཉམ་དུ་དམ་ཚིག་གྱེར་འདོན་བྱས།
དམ་བཅའ་བཞག་རྗེས། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་གསུང་བཤད་གནང་། ཁོང་གིས་ནན་གྱིས་བསྟན་དོན། འགོ་ཁྲིད་ཀྱི་ལས་གནས་གསར་པར་སྤར་བ་ལས་འགན་འཁྲི་གསར་པ་ཕྲག་ཏུ་འཁུར་ཡོད་པས། ངེས་པར་དུ་ཚད་གཞི་སྔར་ལས་མཐོ་བའི་སྒོ་ནས་ཆབ་སྲིད་དང་། ནུས་པ། སྤྱོད་ཚུལ་བཅས་ལེགས་པོ་བྱེད་དགོས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་དགོས་པ་དང་། ཏང་ཀྲུང་དབྱང་གི་ཐབས་ཇུས་དང་བཀོད་སྒྲིག་སྔར་ལས་བློ་ཐག་ཆོད་ཅིང་ནུས་ལྡན་གྱི་སྒོ་ནས་ལག་བསྟར་དོན་འཁྱོལ་བྱེད་དགོས། ཚང་མའི་སྣེ་ཁྲིད་དེ་ཁྲིམས་སྐྱོང་ལ་གོང་བཀུར་བྱེད་པ་དང་། རང་རྟོགས་ཀྱིས་ཁྲིམས་སྐྱོང་གི་འདུ་ཤེས་དང་ཁྲིམས་སྐྱོང་བྱེད་ཐབས་སྤྱད་དེ་བྱ་བར་སྐུལ་འདེད་དང་གནད་དོན་ཐག་གཅོད་བྱེད་དགོས། ཚད་མཐོའི་དྲན་སྐུལ་ལ་བརྟེན་ནས་རང་གཅུན་ནན་མོ་བྱེད་པ་དང་། གཞུང་དྲང་སྤྱོད་གཙང་གི་ཆབ་སྲིད་ཀྱི་རང་མདངས་རྒྱུན་འཁྱོངས་བྱེད་དགོས།
ལི་ཆང་གིས་ནན་གྱིས་བསྟན་དོན། མིག་སྔར་ཏང་ཡོངས་ཀྱིས་སྲིད་འབྲས་ལྟ་བ་ཡང་དག་འཛུགས་པ་དང་ལག་བསྟར་བྱེད་པའི་སློབ་སྦྱོང་སློབ་གསོ་གཏིང་ཟབ་དུ་སྤེལ་བཞིན་ཡོད། ང་ཚོས“སྤྱི་དོན་དུ་ཏང་འཛུགས་པ་དང་། དམངས་ལ་བདེ་སྐྱིད་སྐྲུན་པ། ཚན་རིག་དང་མཐུན་པའི་སྒོ་ནས་ཇུས་ཐག་གཅོད་པ། དངོས་འཛིན་དངོས་སྒྲུབ”བཅས་ཀྱི་སྤྱིའི་བླང་བྱ་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ཏེ། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་བྱེད་མཁན་དང་། འགུལ་སྐྱོད་སྤེལ་མཁན། དངོས་དོན་སྒྲུབ་མཁན་བཅས་ལེགས་པོ་བྱེད་དགོས། དངོས་ཐོག་བདེན་འཚོལ་རྒྱུན་འཁྱོངས་བྱེད་པ་ནི། དོན་དངོས་དང་བསྟུན་པ་དང་། ཆོས་ཉིད་ལྟར་བྱ་བ་སྒྲུབ་པ། སྲིད་ཇུས་དང་བྱེད་ཐབས་སོ་སོ་དོན་དངོས་དང་མཐུན་པ་དང་། དངོས་སུ་དོན་ཐོག་ཏུ་འཁྱོལ་ནས་ཕན་འབྲས་ཐོན་པར་བྱེད་དགོས། དངོས་སྒྲུབ་རྒྱལ་དར་རྒྱུན་འཁྱོངས་བྱེད་པ་ནི། ཐོག་མཐའ་བར་གསུམ་དུ་དངོས་སྒྲུབ་ལ་བརྟེན་ནས་རང་གནས་ཐུབ་པར་བྱེད་པ་དང་། ཤུགས་ཚད་སྔར་ལས་ཆེ་བ་དང་དངོས་ཡོད་བྱེད་ཐབས་ལ་བརྟེན་ནས་འཕེལ་རྒྱས་ཁྲོད་ཀྱི་འགག་གནད་ཐག་གཅོད་བྱེད་དགོས། གྲུབ་འབྲས་དངོས་ལ་བརྟེན་ནས་སྐད་ཆ་བཤད་པ་རྒྱུན་འཁྱོངས་བྱེད་པ་ནི། ལས་དོན་སོ་སོ་ཏན་ཏིག་དང་ཞིབ་ཚགས་གིས་དམ་འཛིན་བྱས་ཏེ། ལག་ལེན་དང་མི་དམངས། ལོ་རྒྱུས་བཅས་ཀྱི་ཉམས་སད་ཐེག་ཐུབ་པའི་གྲུབ་འབྲས་དངོས་འབད་པས་བསྐྲུན་དགོས།
རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འགོ་ཁྲིད་བློ་མཐུན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བློ་མཐུན་སོགས་མཛད་སྒོར་ཞུགས།