
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་གིས་ཚེས5ཉིན་ནས་ཚེས9ཉིན་བར་ཞིན་ཅང་དུ་རྟོག་ཞིབ་གནང་། ཁོང་གིས་བསྟན་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་དུ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག ཞིན་ཅང་འདི་ཉིད་ལོ་རྒྱུས་ཐོག་གི་འཕེལ་རྒྱས་ཀྱི་དུས་སྐབས་ཡག་ཤོས་སུ་སླེབས་ཏེ། ཐེན་ཧྲན་ལྷོ་བྱང་བརྟན་ལྷིང་འཆམ་མཐུན་དང་མི་རིགས་སོ་སོ་བདེ་སྡོད་ལས་བརྩོན་གྱི་རྣམ་པ་བཟང་པོ་མངོན་ཡོད། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཞིན་ཅང་བྱ་བའི་སྐོར་གྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་དུས་རབས་གསར་པའི་ཏང་གི་ཞིན་ཅང་སྐྱོང་བའི་ཐབས་ཇུས་ལག་བསྟར་དོན་འཁྱོལ་བྱས་ནས་ཞིན་ཅང་བྱ་བའི་སྤྱིའི་དམིགས་ཚད་དམ་པོར་བཟུང་སྟེ། ཞིན་ཅང་གི་ཡུན་རིང་བདེ་སྡོད་དང་འབྲེལ་བའི་རྩ་བའི་རང་བཞིན་དང་རྨང་གཞིའི་རང་བཞིན། ཡུན་རིང་རང་བཞིན་གྱི་བྱ་བ་མུ་མཐུད་དུ་དམ་འཛིན་ཡག་པོ་བྱས་ནས། “ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”རིང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་ཞིན་ཅང་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་གོམ་སྟབས་བརྟན་པོ་སྤོ་དགོས།
ཝང་ཧུའུ་ཉིང་ཧ་སྨི་གྲོང་ཁྱེར་དང་ཧོ་ཐེན་ས་ཁུལ། ཞིན་ཅིང་འཛུགས་སྐྲུན་དམག་དཔུང་གི་ཁྲི་དཔུང་བཅུ་གསུམ་པ་དང་ཁྲི་དཔུང་བཅུ་བཞི་པར་བརྟག་ཞིབ་གནང་བར་ཕེབས་ནས། མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་པ་དང་། ཁྱད་ཆོས་ལྡན་པའི་ཐོན་ལས་འཕེལ་རྒྱས་གཏོང་བ། རིག་གནས་ཀྱིས་ཞིན་ཅང་སྐྱོང་བ། དམག་དཔུང་དང་ས་གནས་མཉམ་འདྲེས་ཟབ་ཏུ་གཏོང་བ། གྲོང་དར་དམངས་ཕྱུག་ལ་སྐུལ་འདེད་གཏོང་བ། གཞི་རིམ་བཅོས་སྐྱོང་ལ་ཤུགས་སྣོན་པ་སོགས་ཀྱི་གནས་ཚུལ་རྒྱུས་ལོན་གནང་བ་མ་ཟད་མི་རིགས་སོ་སོའི་ལས་བྱེད་མང་ཚོགས་དང་བཞུགས་མོལ་བརྗེ་རེས་ཀྱང་གནང་།
ཟླ6པའི་ཚེས5ཉིན་ནས་ཚེས9ཉིན་བར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་གིས་ཞིན་ཅང་དུ་རྟོག་ཞིབ་གནང་། འདི་ནི་ཟླ6པའི་ཚེས5ཉིན། ཝང་ཧུའུ་ཉིང་གིས་ཞིན་ཅིང་ཧ་སྨི་གྲོང་ཁྱེར་པ་ལི་ཁོན་ཧ་སག་རིགས་རང་སྐྱོང་རྫོང་དུ་རྟོག་ཞིབ་གནང་ནས། ཞིན་ཅང་གི་གློག་ཕྱིར་འདྲེན་པའི་བརྒྱུད་ལམ་འཛུགས་སྐྲུན་འཁོར་སྐྱོད་དང་ནུས་ཁུངས་གསར་བའི་ཐོན་ལས་འཕེལ་རྒྱས་གནས་ཚུལ་ལ་རྒྱུས་ལོན་མཛད་པའི་རྣམ་པ་རེད།
ཟླ6པའི་ཚེས5ཉིན་ནས་ཚེས9ཉིན་བར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་གིས་ཞིན་ཅང་དུ་རྟོག་ཞིབ་གནང་། འདི་ནི་ཟླ6པའི་ཚེས9ཉིན། ཝང་ཧུའུ་ཉིང་གིས་ཞིན་ཅིང་ཧོ་ཐེན་གྲོང་ཁྱེར་ཞོའར་པཱ་ཀི་ཞང་ཨ་དབྱི་ཏེན་ཁོ་ལི་སྡེ་བའི་ཡུ་གུར་རིགས་ཀྱི་མང་ཚོགས་ལ་འཚམས་འདྲི་མཛད་པའི་རྣམ་པ་རེད།
ཝང་ཧུའུ་ཉིང་གིས་བསྟན་དོན། “ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”དུས་སྐབས་ནི་ཞིན་ཅང་གི་སྤྱི་ཚོགས་བརྟན་ལྷིང་དང་ཡུན་རིང་བདེ་འགོད་མངོན་འགྱུར་བྱེད་པའི་གནད་འགག་གི་དུས་སྐབས་ཤིག་ཡིན་ལ། ཞིན་ཅང་གི་འཕེལ་རྒྱས་འགོ་འཛུགས་ས་གསར་པར་སླེབས་ཡོད། སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་བྱ་རྒྱུ་དེ་ཐོག་མཐའ་བར་གསུམ་དུ་ཨང་དང་པོར་བཞག་ནས། སྤྱི་ཚོགས་བཅོས་སྐྱོང་ལ་ཤུགས་སྣོན་དང་གསར་གཏོད་བྱས་ཏེ། སྤྱི་ཚོགས་ཀྱི་སྤྱི་ཡོངས་བརྟན་ལྷིང་གི་འཕེལ་ཕྱོགས་སྔར་ལས་ཇེ་བརྟན་དུ་གཏོང་དགོས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་གཏོང་བའི་གཙོ་ཐིག་དེ་ཞིན་ཅང་གི་བྱ་བའི་ཐོག་མཐའ་བར་གསུམ་དུ་ཁྱབ་པར་བྱས་ནས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་འཛུགས་སྐྱོང་ལ་ནུས་ལྡན་གྱིས་སྐུལ་འདེད་གཏོང་བ་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་གཏོང་བའི་བཅའ་ཁྲིམས་ལག་བསྟར་དོན་འཁྱོལ་དམ་འཛིན་ཡག་པོ་བྱེད་པ། ཆོས་ལུགས་བྱ་བ་བཅོས་སྐྱོང་ཁྲིམས་སྐྱོང་ཅན་དུ་འགྱུར་བར་ཤུགས་བསྣན་ནས། མི་རིགས་སོ་སོའི་མང་ཚོགས་སྔར་ལས་རྒྱ་ཆེ་ཞིང་གཏིང་ཟབ་པའི་སྒོ་ནས་འགྲོ་འོང་དང་། བརྗེ་རེས། མཉམ་འདྲེས་བཅས་ཡོང་བར་སྐུལ་འདེད་གཏོང་དགོས། “འཐབ་ཇུས་ཀྱི་ངེས་གནས་ཆེན་པོ་ལྔ”བཀོད་སྒྲིག་བྱས་ནས་ཞིན་ཅང་གི་སྤུས་ལེགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། ཞིན་ཅང་གི་ཁྱད་ཆོས་ལྡན་ཞིང་དགེ་མཚན་ཡོད་པའི་དེང་རབས་ཅན་གྱི་ཐོན་ལས་མ་ལག་འཛུགས་དགོས་ལ། དར་གོས་ཚོང་ལམ་གྱི་དཔལ་འབྱོར་ཁུལ་གྱི་ལྟེ་བའི་ཁུལ་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་དགོས། ཞིན་ཅང་ལྷོ་རྒྱུད་ཀྱི་འཕེལ་རྒྱས་ལ་མགྱོགས་མྱུར་སྒོས་སྐུལ་འདེད་གཏོང་བ་དང་། དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ། ཐབས་ལམ་མང་པོའི་ཐོག་ནས་ལས་ཞུགས་རྒྱ་སྐྱེད་གཏོང་བ་བཅས་བྱེད་དགོས། རིག་གནས་ཀྱིས་ཞིན་ཅང་སྐྱོང་བར་ཤུགས་བསྣན་ནས་ཞིན་ཅང་གི་སློབ་གསོ་དང་ལྷག་པར་དུ་མཐོ་རིམ་སློབ་གསོ་ཡག་པོ་གཉེར་ཏེ། རིག་གནས་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། “དམག་དཔུང་དང་ས་གནས་ཀྱི་བསམ་བཀོད་གཅིག”རྒྱུན་འཁྱོངས་བྱས་ཏེ། དམག་དཔུང་དང་ས་གནས་ཕྱོགས་ཡོངས་ནས་མཉམ་འདྲེས་གཏིང་ཟབ་བྱ་རྒྱུར་སྐུལ་འདེད་གཏོང་བ་དང་། དུས་རབས་གསར་པའི་དམག་དཔུང་བརྟན་ལྷིང་སྲུང་སྐྱོང་དང་མཐའ་སྲུང་གི་དགེ་མཚན་གསར་པ་རྒྱུན་ཆད་མེད་པར་ཆགས་པར་བྱེད་དགོས།
ལི་ཀན་ཅེ་མཉམ་དུ་རྟོག་ཞིབ་གནང་བར་ཕེབས།