

ཟླ6པའི་ཚེས12ཉིན། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲའོ་ལེ་ཅི་ཡིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོ་རུ་སིང་ག་ཕོར་གྱི་རྒྱལ་ཚོགས་ཀྱི་གྲོས་གཙོ་ཞེ་ཅན་ཕིང་དང་གྲོས་མོལ་མཛད།
རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲའོ་ལེ་ཅི་ཡིས་ཚེས་བཅུ་གཉིས་ཉིན་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོ་རུ་སིང་ག་ཕོར་གྱི་རྒྱལ་ཚོགས་ཀྱི་གྲོས་གཙོ་ཞེ་ཅན་ཕིང་དང་གྲོས་མོལ་མཛད།
ཀྲའོ་ལེ་ཅི་ཡིས་བསྟན་དོན། ན་ནིང་ཀྲུང་གོ་དང་སིང་ག་ཕོར་གཉིས་ཀྱིས་མཉམ་དུ་རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་ལོ་སོ་ལྔ་འཁོར་བར་རྟེན་འབྲེལ་ཞུས་པ་དང་། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཙུང་ལི་ཧོང་ཞོན་ཚའེ་དང་ཞལ་འཛོམས་གྲོས་མོལ་གནང་ནས། ཀྲུང་སིང་འབྲེལ་བ་འཕེལ་རྒྱས་གཏོང་བའི་ཐད་ཁ་ཕྱོགས་གསལ་བོ་བསྟན། ཀྲུང་གོས་སིང་ག་ཕོར་ཕྱོགས་དང་མཉམ་དུ། རྒྱལ་ཁབ་གཉིས་ཀྱི་འགོ་ཁྲིད་མི་སྣའི་ཐུན་མོང་གི་ངོས་འཛིན་དོན་འཁྱོལ་བཟང་བོ་བྱེད་པ་དང་། ཀྲུང་སིང་གི་དུས་རྣམ་ཀུན་གྱི་སྤུས་ཚད་མཐོ་བའི་རྒྱང་ལྟའི་རང་བཞིན་གྱི་གྲོགས་པོའི་འབྲེལ་བའི་ཐད་ནས་འཕེལ་རིམ་གསར་བ་ལོན་པར་སྐུལ་འདེད་གཏོང་འདོད་ཡོད།
ཀྲའོ་ལེ་ཅི་ཡིས་བསྟན་དོན། ཀྲུང་གོས་སིང་ག་ཕོར་བར་གྱི་ཆུ་ཚད་མཐོ་བའི་ཆབ་སྲིད་ཡིད་རྟོན་ཇེ་ཟབ་ཏུ་གཏོང་བ་དང་། ཕན་ཚུན་གྱི་ལྟེ་བའི་ཁེ་ཕན་དང་དོ་སྣང་བྱེད་པའི་གནད་དོན་ལ་རྒྱབ་སྐྱོར་བརྟན་པོ་བྱེད་པ། ཀྲུང་སིང་མཛའ་མཐུན་གྱི་ཆབ་སྲིད་རྨང་གཞི་བརྟན་པོ་བསྐྲུན་འདོད་ཡོད། ཕྱོགས་གཉིས་ཀྱིས་འཕེལ་རྒྱས་འཆར་འགོད་ཀྱི་སྦྲེལ་མཐུད་ལ་ཤུགས་སྣོན་པ་དང་། མིའ་ཐབས་རིག་ནུས་དང་གྲངས་འཛིན་དཔལ་འབྱོར། དག་གཙང་ནུས་ཁུངས། ཚན་རྩལ་གསར་གཏོད་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་རྒྱ་བསྐྱེད་དེ། སྤུས་ཚད་མཐོ་བའི་སྒོ་ནས་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་བྱེད་དགོས། མི་ཚུལ་སྤེལ་རེས་ཆེར་སྐྱེད་དང་མི་དམངས་བར་གྱི་རྒྱུས་ལོན་ཇེ་ཟབ་ཏུ་གཏོང་དགོས། ཕྱོགས་མང་རོགས་ལས་ཇེ་ཟབ་ཏུ་གཏོང་བ་དང་། ཕྱོགས་མང་རིང་ལུགས་ངོ་མ་ལག་བསྟར་བྱེད་དགོས།
ཀྲའོ་ལེ་ཅི་ཡིས་ནན་གྱིས་བསྟན་དོན། ཀྲུང་གོའི་རྒྱལ་ཡོངས་དམངས་ཆེན་དང་སིང་ག་ཕོར་རྒྱལ་ཚོགས་ཀྱིས་ཁྲིམས་འཛུགས་ལས་ཁུངས་བར་གྱི་བརྗེ་རེས་འགྲོ་འོང་ལ་ཤུགས་སྣོན་པ་དང་། ཁྲིམས་འཛུགས་དང་ལྟ་སྐུལ་སོགས་ཐད་ཀྱི་ཉམས་མྱོང་སློབ་སྦྱོང་དང་དཔེ་ལྟ་བྱེད་ཤུགས་ཆེ་རུ་བཏང་ནས། ཀྲུང་སིང་གི་སྤུས་ཚད་མཐོ་བའི་མཉམ་ལས་ཐད་བཅའ་ཁྲིམས་ཀྱི་འགན་སྲུང་འདོན་སྤྲོད་བྱེད་འདོད་ཡོད། སིང་ག་ཕོར་གྱི་གྲོས་མི་ཀྲུང་གོར་ཡོང་ནས་རྒྱལ་ཡོངས་དམངས་ཆེན་གྱིས་བསྡུས་པའི་ཨེ་ཤ་ཡའི་ཤར་ལྷོའི་མནའ་འབྲེལ་རྒྱལ་ཁབ་ཀྱི་གྲོས་མིའི་བགྲོ་གླེང་འཛིན་གྲྭར་ཞུགས་པར་དགའ་བསུ་ཞུ་བཞིན་ཡོད། ཀྲའོ་ལི་ཅི་ཡིས་ད་དུང་ཀྲུང་གོའི་ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་རྩ་གནད་ཀྱི་འབྲེལ་ཡོད་གནས་ཚུལ་ངོ་སྤྲོད་མཛད།
ཞེ་ཅན་ཕིང་གིས་བསྟན་དོན། སིང་ག་ཕོར་གྱིས་ཀྲུང་གོ་གཅིག་གི་སྲིད་ཇུས་མཐའ་གཅིག་ཏུ་ལག་བསྟར་བྱེད་ཀྱིན་ཡོད། ཀྲུང་གོའི་ལོ་ལྔའི་འཆར་འགོད་བཅོ་ལྔ་པར་བརྗིད་ཆེའི་བློ་སྟོབས་ལྡན་པ་དང་། སིང་ག་ཕོར་ལ་གོ་སྐབས་གལ་ཆེན་འདོན་སྤྲོད་བྱེད་ངེས་པས། སིང་ག་ཕོར་ཕྱོགས་ཀྱིས་ཀྲུང་གོའི་བར་གྱི་དཔལ་འབྱོར་ཉོ་ཚོང་དང་མི་ཐབས་རིག་ནུས། གྲངས་འཛིན་དཔལ་འབྱོར། ལྗང་མདོག་འཕེལ་རྒྱས། དམངས་འཚོ་སྐུལ་སྤེལ་སོགས་ཁྱབ་ཁོངས་སོ་སོའི་མཉམ་ལས་ལ་ཤུགས་སྣོན་འདོད་ཡོད། སིང་ཀྲུང་རྒྱལ་ཁབ་གཉིས་ཀྱིས་ཕྱོགས་མང་རིང་ལུགས་དང་རང་མོས་ཉོ་ཚོང་ལ་གཅེས་སྤྲས་བྱེད་པ་མ་ཟད་དེ་སྲུང་སྐྱོང་བྱེད་པར་ཤུགས་འདོན་རྒྱུ་ཡིན། རྙོག་འཛིང་དང་འགྱུར་ལྡོག་ཆེ་བའི་བས་མཐའི་ཆབ་སྲིད་གནས་བབ་ལ་ཁ་ཕྱོགས་ནས། སིང་ག་ཕོར་གྱིས་ཨེ་ཤ་ཡའི་ཤར་ལྷོའི་མནའ་འབྲེལ་དང་ཀྲུང་གོའི་འབྲེལ་བ་གཏིང་ཟབ་ཏུ་འཕེལ་རྒྱས་གཏོང་བར་སྐུལ་སྤེལ་གཏོང་འདོད་ཡོད། སིང་ག་ཕོར་རྒྱལ་ཚོགས་ཀྱིས་ཀྲུང་གོའི་རྒྱལ་ཡོངས་དམངས་ཆེན་བར་གྱི་མཛའ་མཐུན་འགྲོ་འོང་ལ་ཤུགས་སྣོན་པ་དང་། ཁྲིམས་འཛུགས་སོགས་ཁྱབ་ཁོངས་ཀྱི་བསམ་བློ་བརྗེ་རེས་གཏིང་ཟབ་ཏུ་བཏང་ནས། སིང་ཀྲུང་འབྲེལ་བའི་འཕེལ་རྒྱས་ལ་སྐུལ་སྤེལ་གཏོང་བའི་ཐད་བྱས་རྗེས་འཇོག་རྒྱུའི་རེ་བ་བཅངས་ཡོད།
ཧི་ཝེ་གྲོས་མོལ་ལ་ཞུགས།