
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཀྲང་གོ་ཆིན་གྱིས་ཚེས12ཉིན་ནས་ཚེས14ཉིན་བར་མཚོ་སྔོན་ཞིང་ཆེན་དུ་ཚྭ་མཚོའི་ཐོན་ལས་འཕེལ་རྒྱས་དང་གནོད་འགོག་གནོད་སེལ་སོགས་ཀྱི་བྱ་བར་རྟོག་ཞིབ་བྱས། ཁོས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཇུས་ཆོད་བཀོད་སྒྲིག་དོན་འཁྱོལ་བྱས་ཏེ། ཚྭ་མཚོའི་ཐོན་ལས་རྟེན་གཞི་འཛུགས་སྐྲུན་ལ་སྤུས་ཚད་མཐོན་པོས་སྐུལ་འདེད་གཏོང་བ་དང་། ནུས་ཤུགས་ཡོད་རྒུས་རང་བྱུང་གནོད་འཚེ་ལ་ཁ་གཏད་གཅོག་པ་དང་འགོག་ཟོན་བྱེད་པའི་ནུས་པ་མཐོར་འདེགས་བཏང་ནས། འཕེལ་རྒྱས་དང་བདེ་འཇགས་ལ་སྔར་ལས་གཅིག་འདོམས་བྱེད་དགོས།
ཀྲང་གོ་ཆིན་མཚོ་སྔོན་ཚྭ་མཚོའི་རྨེའི་རིགས་དང་། ཅཱ་ལུད། ལི་གློག་སོགས་ཁེ་ལས་དང་ནུབ་རྒྱུད་གཏེར་ལས་རིག་ནུས་དོ་དམ་ཚོད་འཛིན་ལྟེ་གནས་སུ་ཡོང་ནས། ཐོན་ལས་ཚོང་གཉེར་དང་གསར་སྤེལ་གསར་གཏོད། ཐོན་ལས་འཕེལ་རྒྱས་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་བྱས། ཁོས་ནན་གྱིས་བསྟན་དོན། ཚྭ་མཚོའི་ཐོན་ལས་ནི་རྒྱལ་ཁབ་ཀྱི་འཐབ་ཇུས་རང་བཞིན་གྱི་ཐོན་ཁུངས་ཡིན་པས། ཐོན་ཁུངས་གསར་སྤེལ་བེད་སྤྱོད་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་འབྲེལ་བ་ཐག་གཅོད་ལེགས་པོ་བྱེད་པ་དང་། ལྗང་མདོག་ཐཱན་ཉུང་འཁོར་སྐྱོད་འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་བ། ཐོན་ཁུངས་བདེ་འཇགས་ཀྱི་འགན་སྲུང་ནུས་པ་མཐོར་འདེགས་བཏང་སྟེ། ཚྭ་མཚོའི་ཐོན་ལས་ཀྱི་རྒྱལ་སྤྱིའི་འགྲན་རྩོད་ནུས་པ་དང་ཤུགས་རྐྱེན་སྔར་ལས་ཆེ་རུ་གཏོང་དགོས། ཚྭ་མཚོའི་ཐོན་ལས་སྒྲིག་གཞི་དང་ཐོན་ནུས་འཆར་འགོད། ཚད་གཞི་རིམ་སྤོར། རྒྱུ་རྐྱེན་འགན་སྲུང་བཅས་ལ་གཅིག་གྱུར་གྱིས་སྐུལ་འདེད་གཏོང་བ་དང་། ཡུལ་བབ་དང་བསྟུན་ནས་ཚྭ་མཚོའི་ཐོན་ལས་ཞིབ་ཚགས་ལས་སྣོན་དང་། མདོག་ལྡན་ལྕགས་རིགས་བཙོ་སྦྱང་། རྒྱུ་ཆ་གསར་བ་སོགས་ཁྱད་ལྡན་སྤུས་ལེགས་ཐོན་ལས་འཕེལ་རྒྱས་བཏང་སྟེ། ཐོན་ལས་མུ་ཕྲེང་དེ་ཟུར་སྣོན་རིན་ཐང་མཐོ་བའི་ཁྱབ་ཁོངས་སུ་རྒྱུན་བསྲིང་པར་སྐུལ་འདེད་གཏོང་དགོས། ཚྭ་མཚོའི་ཐོན་ཁུངས་ཀྱི་ཕྱོགས་བསྡུས་བེད་སྤྱོད་དང་ནུས་མཐོ་གསར་སྤེལ་ལ་དམིགས་ནས། འགག་རྩའི་ལྟེ་བའི་ལག་རྩལ་དང་འགག་རྩའི་ཐུན་གཤིས་ལག་རྩལ་གྱི་འགག་སྒྲོལ་ལ་ཤུགས་སྣོན་པ་དང་། འབྲེལ་ཡོད་ཐོན་ལས་ཀྱི་བརྒྱུད་རིམ་དང་ལག་རྩལ། བཟོ་རྩལ་གསར་གཏོད་དང་། གཞི་གྲངས་ཀྱིས་སྟོབས་ནུས་སྩོལ་བ་བཅས་ལ་ཧུར་ཐག་གིས་སྐུལ་འདེད་གཏོང་བ། ལྗང་མདོག་སྔོག་འདོན་དང་གྲོན་ཆུང་གིས་བེད་སྤྱོད་བྱེད་པར་སྐུལ་འདེད་བཏང་ནས། ཟད་གྲོན་ཆུང་བ་དང་ཕྱིར་གཏོང་ཉུང་བ། ཕན་ནུས་མཐོ་བ་བཅས་བྱེད་དགོས། རྒྱལ་དབང་རྒྱུ་ནོར་དང་རྒྱལ་དབང་ཁེ་ལས་ཀྱི་དཔེ་སྟོན་སྣེ་ཁྲིད་བྱེད་ནུས་འདོན་སྤེལ་བྱེད་པ་དང་། བེད་སྤྱོད་བྱེད་ཡུལ་སྒོ་འབྱེད་པ། ཐོན་ལས་མུ་ཕྲེང་གི་བརྒྱུད་རིམ་ཧྲིལ་བོའི་མཉམ་ལས་ཟབ་མོར་སྐུལ་འདེད་བཏང་སྟེ། ཁེ་ལས་ཆེ་འབྲིང་ཆུང་གསུམ་གྱི་འབྲེལ་མཐུད་འཕེལ་རྒྱས་ཀྱི་སྔོན་ཐོན་ཐོན་ལས་སྡེ་ཚོགས་བསྐྲུན་དགོས།
ཀྲང་གོ་ཆིན་ཟི་ལིང་གྲོང་ཁྱེར་ཀུའུ་ཁྲིན་འཕྲལ་བསྟུན་ཉེན་གཡོལ་ལྟེ་གནས་དང་མཚོ་སྔོན་ཞིང་ཆེན་ས་ཡོམ་སྔོན་བརྡའི་ལྟེ་གནས་སུ་སོང་ནས། གནོད་འཚེ་ཚད་ལེན་དང་གནོད་འགོག་ཉེན་གཡོལ་སོགས་ཀྱི་བྱ་བར་རྟོག་ཞིབ་བྱས། ཁོས་ནན་གྱིས་བསྟན་དོན། མི་དམངས་བླ་ན་མེད་པ་དང་ཚེ་སྲོག་བླ་ན་མེད་པ་རྒྱུན་འཁྱོངས་དང་། རྒྱུན་འཁྱོངས་གཉིས་དང་ཚུལ་སྒྱུར་གསུམ་སོགས་ཀྱི་བླང་བྱ་གལ་ཆེན་ལྟར། ནུས་ཤུགས་ཡོད་རྒུས་རང་བྱུང་གནོད་འཚེ་ལ་ཁ་གཏད་གཅོག་པ་དང་འགོག་ཟོན་ནུས་པ་ཇེ་མཐོར་གཏོང་དགོས། དོན་དག་མ་བྱུང་སྔོན་འགོག་དང་། ཆུ་ལོག་དང་ས་གཤིས་གནོད་འཚེ་སོགས་ཉེན་ཁའི་ཁུལ་ཁོངས་དང་ནམ་གུང་གི་དྲག་ཆར་སོགས་ཉེན་ཁའི་ཆེ་བའི་དུས་མཚམས་ལ་དམ་པོར་དམིགས་ནས། སྐོར་ཞིབ་འགོག་སྲུང་ལ་ཤུགས་སྣོན་དགོས། གཞི་རིམ་གྱི་གནོད་འགོག་གནོད་སེལ་རྒུད་སྐྱོབ་བྱ་བའི་བྱེ་བྲག་གི་རོགས་རམ་དང་མཛུབ་སྟོན་ལ་ཤུགས་སྣོན་པ་དང་། གནས་སྤོ་ཉེན་གཡོལ་དེ་འཕྲལ་བསྟུན་སྔོན་ཇུས་ཀྱི་ནང་དོན་གཙོ་བོར་བརྩིས་ནས་ཞིབ་ཕྲར་བཟོ་བ། གཞི་རིམ་ལས་བྱེད་པའི་ཆེད་དོན་གསོ་སྦྱོང་དང་མང་ཚོགས་ཀྱི་ཚན་རིག་ཤེས་བྱ་ཁྱབ་གདལ་སྒྲོག་འགྲེལ་ལ་ཤུགས་སྣོན་དགོས། དངོས་འཐབ་དངོས་ཕན་འབུར་དུ་ཐོན་པར་བྱེད་པ་དང་། ཆེད་ལས་རོགས་སྐྱོབ་སྟོབས་ཤུགས་བཀོད་སྒྲིག་བྱེད་པ། རྒུད་སྐྱོབ་དངོས་རྒྱུའི་སྒྲིག་བཀོད་ལེགས་སྒྱུར་བྱེད་པ། སྔོན་ཐོན་སྒྲིག་ཆས་ཀྱི་འདེགས་སྐྱོར་ལ་ཤུགས་སྣོན་པ་དང་། ལྷག་པར་དུ་མཐོ་སྒང་གི་མཐོ་འཁྱགས་དང་ལམ་དྲ་གློག་གསུམ་ཆད་པ་སོགས་ཐལ་དྲགས་པའི་རྙོག་འཛིང་གནས་ཚུལ་ལ་དམིགས་ནས། རྒུད་སྐྱོབ་འགག་སྒྲོལ་ནུས་པ་མཐོར་འདེགས་གཏོང་བ་དང་། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་ལ་སྲུང་སྐྱོང་བྱེད་དགོས།
ལྷ་མོ་འཚོས་བསྒྱུར།