
ཟླ6པའི་ཚེས30ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཧན་ཀྲེང་གིས་པེ་ཅིང་དུ་སོ་ཏི་ཨ་རབ་ཀྱི་ཕྱི་འབྲེལ་བློན་ཆེན་ཧྥེ་ས་ཨར་ལ་མཇལ་འཕྲད་གནང་།
ཟླ6པའི་ཚེས30ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཧན་ཀྲེང་གིས་པེ་ཅིང་དུ་སོ་ཏི་ཨ་རབ་ཀྱི་ཕྱི་འབྲེལ་བློན་ཆེན་ཧྥེ་ས་ཨར་ལ་མཇལ་འཕྲད་གནང་།
ཧན་ཀྲེང་གིས་བསྟན་དོན། ཉེ་བའི་ལོ་འདི་དག་གི་རིང་། རྒྱལ་ཁབ་གཉིས་ཀྱི་ཆེས་མཐོའི་འགོ་ཁྲིད་པའི་འཐབ་ཇུས་སྣེ་ཁྲིད་འོག ཀྲུང་གོ་དང་སོ་ཏི་ཨ་རབ་ཀྱི་འབྲེལ་བར་འཕེལ་རྒྱས་ཀྱི་རྣམ་པ་བཟང་པོ་རྒྱུན་འཁྱོངས་ཐུབ་ཡོད། ད་ལོ་ནི་རྒྱལ་ཁབ་གཉིས་དབར་ཕྱོགས་ཡོངས་འཐབ་ཇུས་གྲོགས་པོའི་འབྲེལ་བ་བཙུགས་ནས་ལོ10འཁོར་བའི་ལོ་ཡིན་ཞིང་། ཟླ4པར། ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྒྱལ་རྒྱུད་འཛིན་མཁན་ནམ་དབུ་བཞུགས་བློན་ཆེན་གྱི་འགན་གཅིག་ལྕོགས་སུ་ཁུར་མཁན་མུའུ་ཧན་མུའུ་ཏི་ལ་ཞལ་པར་བཏང་ནས། ཀྲུང་གོ་དང་སོ་ཏི་ཨ་རབ་དབར་གྱི་འབྲེལ་བ་ཇེ་དམ་དུ་གཏོང་བ་དང་། དབུས་ཤར་གྱི་ཞི་བདེ་བརྟན་བརླིང་ལ་སྐུལ་སྤེལ་གཏོང་བའི་ཐད་ནས་ཐུན་མོང་གི་ངོས་འཛིན་གཅིག་མཐུན་བྱུང་ཡོད། ཀྲུང་གོའི་ཕྱོགས་ཀྱིས་སོ་ཏི་ཨ་རབ་དང་མཉམ་དུ། རྒྱལ་ཁབ་གཉིས་ཀྱི་འགོ་ཁྲིད་པའི་ཐུན་མོང་གི་ངོས་འཛིན་གལ་ཆེན་དོན་འཁྱོལ་ཡག་པོ་བྱས་ནས། ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་ཇེ་བརྟན་དུ་གཏོང་བ་དང་། མཐོ་རིམ་འགྲོ་འོང་ལ་ཤུགས་སྣོན་པ། དངོས་སྒྲུབ་མཉམ་ལས་རྒྱ་སྐྱེད་གཏོང་བ་བཅས་བྱས་ཏེ། ཀྲུང་སོ་དབར་གྱི་འབྲེལ་བར་འཕེལ་རིམ་གསར་པ་ལོན་པར་སྐུལ་འདེད་གཏོང་འདོད་ཡོད། ཀྲུང་གོ་དང་སོ་ཏི་ཨ་རབ་ནི་འཛམ་གླིང་ལྷོ་ཕྱོགས་ཀྱི་གྲུབ་ཆ་གལ་ཆེན་ཡིན་པའི་ཆ་ནས་འབྲེལ་གཏུག་དང་མཐུན་སྦྱོར་ལ་ཤུགས་བསྣན་ཏེ། ས་ཁུལ་དང་འཛམ་གླིང་གི་ཞི་བདེ་བརྟན་ལྷིང་སྲུང་སྐྱོང་ལ་བྱས་རྗེས་འཇོག་དགོས།
ཧྥེ་ས་ཨར་གྱིས་བསྟན་དོན། སོ་ཏི་ཨ་རབ་དང་ཀྲུང་གོའི་ཁྱོན་ཡོངས་འཐབ་ཇུས་གྲོགས་པོའི་འབྲེལ་བའི་འཕེལ་རྒྱས་སྔར་བྱུང་མྱོང་མེད་པའི་མཐོ་ཚད་དུ་སླེབས་ཡོད། སོ་ཏི་ཨ་རབ་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་རྩ་དོན་མཐའ་གཅིག་ཏུ་དམ་སྲུང་བྱས་ནས། ཀྲུང་གོའི་ཕྱོགས་དང་མཉམ་དུ་ཕྱོགས་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་གཏིང་ཟབ་འགྲོ་རྒྱུར་མུ་མཐུད་དུ་སྐུལ་འདེད་གཏོང་འདོད་ཡོད། ཕྱོགས་གཉིས་ཀྱིས་ཕྱོགས་མང་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་བསྣན་ནས། ས་ཁུལ་དང་འཛམ་གླིང་གི་ཞི་བདེ་བརྟན་ལྷིང་ལ་མཉམ་དུ་སྐུལ་སྤེལ་གཏོང་དགོས།