
བརྩེ་བ་ཟབ་པའི་རོལ་དབྱངས་ཀྱིས་འོད་སྟོང་ལྡན་པའི་ལོ་རྒྱུས་ཀྱི་ལམ་བུར་གུས་འདུད་ཞུས་པ་དང་། སྐད་གསེང་མཐོན་པོའི་གླུ་ངག་གིས་མི་དམངས་ཀྱི་ལོ་རྒྱུས་སྙན་ངག་དབྱངས་སུ་གྱེར། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ105འཁོར་བར་རྟེན་འབྲེལ་ཞུ་བའི་རོལ་དབྱངས་འདུ་འཛོམས《མི་དམངས་བླ་ན་མེད་པ》ཞེས་པ་ཚེས་ཉེར་དགུ་ཉིན་གྱི་དགོང་མོར་པེ་ཅིང་དུ་བསྡུས། ཞི་ཅིན་ཕིང་དང་། ལི་ཆང་། ཀྲའོ་ལེ་ཅི། ཝང་ཧུའུ་ཉིང་། ཚའེ་ཆི། ཏིང་ཞུའེ་ཞང་། ལི་ཞི། ཧན་ཀྲེང་སོགས་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་པ་དང་ལྟད་མོ་བ་སུམ་སྟོང་ཙམ་གྱིས་མཉམ་དུ་འཁྲབ་སྟོན་ལ་བལྟས་ཏེ། འོད་སྟོང་འབར་བའི་དུས་ཆེན་འདིར་མཉམ་དུ་རྟེན་འབྲེལ་ཞུས།
མི་དམངས་ཚོགས་ཁང་ཆེན་མོར་གློག་འོད་ཀྱི་བཀྲག་མདངས་འཚེར་ཞིང་དགའ་སྤྲོའི་རྣམ་པས་ཁེངས། དགོང་མོའི་ཆུ་ཚོད་བདུན་དང་སྐར་མ་ང་ལྔའི་སྟེང་དགའ་སྤྲོའི་རོལ་དབྱངས་ཁྲོད། ཞི་ཅིན་ཕིང་སོགས་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་པ་རོལ་དབྱངས་འདུ་འཛོམས་ཀྱི་ཡུལ་དངོས་སུ་ཕེབས་པ་དང་འདུ་འཛོམས་ཡོངས་སུ་སྤྲོ་སེམས་ཁོལ་བའི་ཐལ་མོའི་རྡེབ་སྒྲས་ཁེངས།
“རི་གླུ་བླངས་ནས་ཏང་ལ་འབུལ། ཏང་དང་མ་ཡུམ་ཀུན་ནས་མཚུངས”ཞེས་པའི་བྱིས་པའི་མཉམ་ལེན་གླུ་དབྱངས་དང་མཉམ་དུ་རོལ་དབྱངས་འདུ་འཛོམས་ཀྱི་འགོ་བརྩམས། འཁྲབ་སྟོན་ལེའུ་ལྔ་ལ་དབྱེ་ཞིང་། རིག་རྩལ་ལས་སྒྲུབ་པ་ཚོས་ཕུལ་དུ་བྱུང་བའི་རོལ་མོ་དཀྲོལ་བ་དང་ཡིད་དབང་འགུག་པའི་གླུ་སྐད་ཀྱིས་ཏང་ལ་དགའ་ཞེན་ཚད་མེད་ཡོད་པ་མཚོན་ཡོད་ལ། མི་རིགས་བསྐྱར་དར་ཡོང་བའི་དུས་རབས་ཀྱི་སྐད་སྒྲ་མཐོན་པོར་བསྒྲགས། 《དར་དམར་ལ་བསྟོད་པ》ཞེས་པའི་སྙན་འཇེབས་རོལ་དབྱངས་དཀྲོལ་ཞིང་། སྙན་འཇེབས་ལྡན་པའི་འགྱུར་ཁུག་གིས་ལྷད་མེད་ཀྱི་བརྩེ་སེམས་ཟབ་མོ་བསླངས་པ་དང་། འབུད་དཀྲོལ་རོལ་མོ《སྔོན་བྱོན་པར་འབུལ་བ》ཞེས་པས་གསར་བརྗེའི་སྔོན་གཤེགས་དཔའ་བོར་དྲན་གསོ་ཟབ་མོ་དང་བླ་ན་མེད་པའི་གུས་འདུད་ཞུས། 《བཀྲག་མདངས་ལྡན་པའི་མེ་ཏོག》དང་། 《ཟླ་བརྒྱད་པའི་རྒྱ་སྤོས་སེར་བོ་གང་སར་བཞད》《རྨ་ཆུར་བསྟོད་པ》《བཅིངས་འགྲོལ་ས་ཁུལ་གྱི་ནམ་མཁའ》བཅས་ཀྱིས་གསར་བརྗེའི་དམག་འཁྲུག་གི་ལོ་རབས་སུ་དམག་མི་དང་མི་དམངས་ཀྱི་སེམས་པ་གཅིག་མཐུན་དང་། ཀུན་སེམས་གཅིག་སྒྲིལ་གྱིས་རྣམ་པ་ཆགས་ཡོད་པས། མང་ཚོགས་དུང་ཕྱུར་མང་པོ་ཏང་གི་རྗེས་སུ་འབྲངས་པ་དང་གསར་བྱུང་བསུས་པའི་སྤྲོ་སྣང་བརྒྱུད་སྤྲོད་བྱས། 《རྟ་ལྕག་འཕྱར་ནས་འབྲུ་རིགས་སྐྱེལ་བར་བྲེལ་བ》དང་། 《ཆུ་ཁའི་ཕྱེ་ལེབ》《གོས་འཁྲུད་གླུ་དབྱངས》《ཞིང་ཁར་དཔྱིད་དུས་སླེབས》《ངས་མེས་རྒྱལ་ལ་རྡོ་སྣུམ་འབུལ》《ཉི་འོད་ཐ་ཧྲི་ཁུའུ་འར་ཀན་དུ་འཕྲོས》བཅས་ཀྱིས་གྲུབ་པའི་འབུད་དཀྲོལ་རོལ་མོ་དང་མཉམ་ལེན་གླུ་དབྱངས《མཚར་སྡུག་ལྡན་པའི་ཁྱིམ་གཞིས》 ཀྱིས་སྤྱི་ཚོགས་རིང་ལུགས་ཀྱི་གསར་བརྗེ་དང་འཛུགས་སྐྲུན་དུས་སྐབས་ཀྱི་ལས་རིགས་སོ་སོ་དབྱར་མཚོ་རྒྱས་པ་ལྟར་གོང་དུ་འཕེལ་བ་དང་། མི་རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་ཀྱིས་མཉམ་དུ་ཁྱིམ་གཞིས་བསྐྲུན་པའི་ཚ་ཚ་འུར་འུར་གྱི་རྣམ་པ་མཚོན་ཡོད། འབུད་དཀྲོལ་རོལ་མོ་དང་མཉམ་ལེན་གླུ་དབྱངས《རེ་བའི་ཞིང་ས》ཞེས་པའི་གླུ་དབྱངས་གྲགས་ཅན་རེ་རེ་ཡིས་བཅོས་བསྒྱུར་སྒོ་འབྱེད་བྱས་ཚུན་ནས་ཀྲུང་གོའི་ས་གཞི་ཆེན་མོར་ཉིན་རེ་བཞིན་རྣམ་པ་གསར་པ་ཐོན་པའི་དགའ་འོས་པའི་འཕོ་འགྱུར་མངོན་ཡོད་ལ། ཀྲུང་ཧྭའི་བུ་ཕྲུག་གིས་བློ་སེམས་གཅིག་མཐུན་གྱིས་ཕུགས་འདུན་སྒྲུབ་པའི་བསམ་འདུན་བཟང་པོ་མཚོན་པར་བྱས།
འདས་པའི་ལོ105ཡི་རིང་ཚང་མས་སྐྱིད་སྡུག་མཉམ་མྱོང་དང་ལག་གདང་སྦྲེལ་ནས་མདུན་དུ་བསྐྱོད། རོལ་དབྱངས་འདུ་འཛོམས་ཡོངས་སུ་སྤྲོ་སྣང་གིས་ཁེངས་ལ་ངོ་མཚར་བའི་ལྟད་མོ་རྒྱུན་མཐུད་ངང་མངོན། འབུད་དཀྲོལ་རོལ་མོ《རི་ཀླུང་སྤྲོ་གླུ》དང《སེམས་པ་གཅིག་ཏུ་སྦྲེལ་བ》ཞེས་པས་དུས་རབས་གསར་པར་ཡར་ངོའི་ཟླ་ལྟར་འཕེལ་བའི་རྣམ་པ་མངོན་ཡོད་ལ། མཉམ་སྒྲོག་མཉམ་ལེན་གླུ་དབྱངས《རི་ཀླུང་ལ་བཅངས་པའི་བརྩེ་བ》ཞེས་པས་ཞིབ་ཅིང་ཕྲ་བའི་བརྩེ་སེམས་ལ་བརྟེན་ནས་ཁྱིམ་ཚང་དང་རྒྱལ་ཁབ་ལ་བཅངས་པའི་བརྩེ་སེམས་བརྒྱུད་སྤྲོད་བྱས། འབུད་དཀྲོལ་རོལ་མོ《མི་དམངས་ཀྱི་རེ་བ་སྟོང་ཟད་དུ་མི་གཏོང》ཞེས་པའི་བརྗིད་ཉམས་ལྡན་པའི་རྣམ་པ་དེས་འདུ་འཛོམས་ཡོངས་ཀྱི་རྣམ་པ་ཚ་རླབས་མཐོ་ཤོས་ཤིག་ཏུ་བསྐྱལ། ཡུལ་དངོས་ནས་སྐད་གསེང་མཐོན་པོས《གུང་ཁྲན་ཏང་མེད་ན་ཀྲུང་གོ་གསར་པ་མེད》ཅེས་པ་མཉམ་ལེན་བྱས་པ་དང་མཉམ་དུ་རོལ་དབྱངས་འདུ་འཛོམས་མཇུག་བསྒྲིལ།
པེ་ཅིང་དུ་ཡོད་པའི་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་གཞོན་པ། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ། རྒྱལ་སྲིད་ཨུ་ཡོན། ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་འགོ་གཙོ། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་འགོ་གཙོ། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་བཅས་ཀྱིས་རོལ་དབྱངས་འདུ་འཛོམས་ལ་གཟིགས།
རོལ་དབྱངས་འདུ་འཛོམས་ལ་ལྟ་མཁན་ལ་ད་དུང་ཀྲུང་དབྱང་ཏང་སྲིད་དམག་མང་བཅས་ཀྱི་སྡེ་ཁག་སོ་སོ་དང་པེ་ཅིང་གྲོང་ཁྱེར་གྱི་འགན་ཁུར་བློ་མཐུན་གཙོ་བོ། དམངས་གཙོའི་ཏང་ཁག་སོ་སོའི་ཀྲུང་དབྱང་དང་རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་འགན་ཁུར་བ། ཏང་ཁག་གང་ལའང་མི་གཏོགས་པའི་མི་སྣའི་འཐུས་ཚབ། མཛད་རྗེས་མཚན་སྙན་གྱི་གཟེངས་བསྟོད་ཐོབ་མཁན་གྱི་འཐུས་ཚབ། ཏང་ཡོན་རྒན་པ་དང་ལས་བྱེད་པ་རྒན་པའི་འཐུས་ཚབ། ཀྲུང་གོར་ལས་ཀ་སྒྲུབ་པའི་ཕྱི་རྒྱལ་གྱི་ཆེད་མཁས་འཐུས་ཚབ། རྒྱལ་སའི་གཞི་རིམ་ཏང་ཡོན་དང་ལས་རིགས་སོ་སོའི་མང་ཚོགས་ཀྱི་འཐུས་ཚབ། པེ་ཅིང་དུ་སྡོད་པའི་དམག་སྡེའི་དཔོན་དམག་གི་འཐུས་ཚབ་སོགས་ཡོད།