ལི་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀའ་རྒྱར་མཚན་རྟགས་བཀོད་ནས《དམག་ཁུངས་ནས་ཕྱིར་བུད་པའི་དམག་མིའི་ལས་ཞུགས་ལས་གཏོད་ལ་སྐུལ་སྤེལ་གཏོང་བའི་སྲོལ་ཡིག》ཁྱབ་བསྒྲགས་བྱས།
ཁུངས། ཀློག་གྲངས།

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་ཉེ་སྔོན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀའ་རྒྱར་མཚན་རྟགས་བཀོད་ནས། 《དམག་ཁོངས་ནས་ཕྱིར་བུད་པའི་དམག་མིའི་ལས་ཞུགས་ལས་གཏོད་ལ་སྐུལ་སྤེལ་གཏོང་བའི་སྲོལ་ཡིག》ཁྱབ་བསྒྲགས་བྱས་ཤིང་། 2026ལོའི་ཟླ8པའི་ཚེས1ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ་ཡིན། 《སྲོལ་ཡིག》ལ་ཁྱོན་བསྡོམས་ལེའུ6དང་དོན་ཚན48ཡོད།

གཅིག་ནི་སྤྱིའི་བླང་བྱ་ཁ་གསལ་བཟོས་ཡོད། ཀུན་ཕན་དང་གཟིགས་སྐྱོང་ཉིས་བརྩེགས་ཀྱི་རྩ་དོན་མཐའ་འཁྱོངས་བྱས་ཏེ། སྲིད་གཞུང་གིས་སྐུལ་འདེད་དང་། ཁྲོམ་རས་ཁྲིད་སྟོན། སྤྱི་ཚོགས་ཀྱིས་རྒྱབ་སྐྱོར་བྱེད་པ་བཅས་ཟུང་འབྲེལ་བྱེད་ཐབས་སྤྱད་དེ། དམག་ཁོངས་ནས་ཕྱིར་བུད་པའི་དམག་མིའི་ལས་ཞུགས་ལས་གཏོད་ལ་སྐུལ་སློང་དང་དང་རོགས་སྐྱོར་བྱ་དགོས། གཉིས་ནི་སློབ་གསོ་གསོ་སྦྱོང་གི་སྲིད་ཇུས་གཏན་འཁེལ་བྱས།  དམག་ཁུངས་ནས་ཕྱིར་བུད་པའི་དམག་མི་རྒྱལ་ཁབ་ཀྱི་སློབ་གསོའི་ཡིག་རྒྱུགས་ནང་ཞུགས་པ་དང་། སློབ་གཉེར་བརྒྱུད་རིམ་གྱི་སློབ་གསོ་དང་ལེན་བྱེད་སྐབས་རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་ལྟར་གཟིགས་སྐྱོང་དང་རོགས་དངུལ་སྲིད་ཇུས་ལོངས་སུ་སྤྱོད་དགོས། གསུམ་ནི་ལས་ཞུགས་གཟིགས་སྐྱོང་བྱེད་ཐབས་འཐུས་ཚང་དུ་བཏང་། ལས་ཁུངས་དང་། མང་ཚོགས་ཚོགས་པའི་རྩ་འཛུགས། ལས་དོན་ལས་ཁུངས་དང་རྒྱལ་ཁབ་ཁེ་ལས་བཅས་ཀྱིས་མི་སྣ་བསྡུ་ལེན་བྱེད་སྐབས། དམག་ཁུངས་ནས་ཕྱིར་བུད་པའི་དམག་མིའི་ལོ་ཚོད་དང་སློབ་གཉེར་བརྒྱུད་རིམ་གྱི་ཆ་རྐྱེན་འོས་འཚམ་གྱིས་ཇེ་ཡངས་སུ་བཏང་ནས། ཆ་རྐྱེན་གཅིག་མཚུངས་འོག་དམག་ཁུངས་ནས་ཕྱིར་བུད་པའི་དམག་མི་སྔོན་ལ་བསྡུ་ཆོག  ས་གནས་སོ་སོས་གཞི་རིམ་གྱི་གཞུང་ཞབས་པའི་ལས་གནས་ངེས་ཅན་ཞིག་བཀོད་སྒྲིག་བྱས་ཏེ། དམག་སྐུལ་དང་ལེན་བྱས་ནས་ལོ5འགོར་བའི་མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མའི་དམག་ཁུངས་ནས་ཕྱིར་བུད་པའི་དམག་མིར་ཁ་ཕྱོགས་ནས་རྒྱུགས་ལེན་དགོས། དཀའ་ཚེགས་ཆེ་ཞིང་ཐག་རིང་ས་ཁུལ་གྱི་རྫོང་དང་ཞང་གི་ལས་དོན་ལས་ཁུངས་ཀྱི་ལས་མི་བསྡུ་བ་དང་རྒྱལ་ཁབ་ཀྱི་ཕྱོགས་བསྡུས་རང་བཞིན་གྱི་མེ་ཟོན་རོགས་སྐྱོབ་དཔུང་ཁག་གི་མེ་ཟོན་མི་སྣ་སོགས་དམིགས་བསལ་ལས་མི་བསྡུ་སྐབས། དམག་ཁོངས་ནས་ཕྱིར་བུད་པའི་དམག་མིར་གཟིགས་སྐྱོང་བྱེད་པའི་སྲིད་ཇུས་ཁ་གསལ་བཟོ་དགོས། བཞི་ནི་ལས་གཏོད་རོགས་སྐྱོར་བྱེད་ཐབས་ཇེ་ལེགས་སུ་བཏང་སྟེ། དམག་ཁོངས་ནས་ཕྱིར་བུད་པའི་དམག་མིའི་ལས་གཏོད་ལ་ཁྲལ་བསྡུ་དང་། དངུལ་བསྲེས། ཡིད་རྟོན་དངུལ་བུན་སོགས་ཀྱི་རོགས་སྐྱོར་སྲིད་ཇུས་ཁ་གསལ་བཟོ་དགོས།