
ཟླ7པའི་ཚེས1ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལུའོ་ཏུང་ཁྲོན་གྱིས་འགོ་འཛིན་བྱས་ཏེ་ཞིང་ཆེན་སྲིད་གཞུང་གི་རྒྱུས་ལས་གྲོས་ཚོགས་བསྡུས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་པ་དང་། ཞིང་ཆེན་ཏང་ཨུའི་བླང་བྱ་དོན་འཁྱོལ་བྱས་ཏེ། ཞིང་ལས་ཞིང་སྡེ་དེང་རབས་ཅན་དང་ལྗང་མདོག་ནུས་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་གནས་འཛུགས་སྐྲུན། ཞིང་སྡེ་སྡོད་དམངས་ཀྱི་ཡོང་འབབ་རྒྱུན་མཐུད་ངང་འཕར་བ། མཚོ་སྔོན་ཚོང་གཏམ་ཚོགས་འདུ་དང་རྒྱལ་དབང་རྒྱུ་ནོར་ཀྲུང་དབྱང་ཁེ་ལས་ཀྱིས་མཚོ་སྔོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རམ་འདེགས་བྱེད་པའི་ཆེད་དོན་བྱེད་སྒོ། དེ་མིན་མཚོ་སྐོར་ལྕགས་རྟ་འགྲན་བསྡུར་གྲ་སྒྲིག རང་བྱུང་ཐོན་ཁུངས་ཀྱི་འཆར་འགོད་གཅིག་གི་འཛུགས་སྐྲུན། ཞིང་ཆེན་སྲིད་གྲོས་ཀྱི་ཞང་ཀང་དང་ཨའོ་མོན་ཨུ་ཡོན་གྱིས་ཐབས་འདོན་ལེགས་པོར་སྒྲུབ་པ་སོགས་ཀྱི་བྱ་བར་ཞིབ་འཇུག་དང་བཀོད་སྒྲིག་བྱས།
གྲོས་ཚོགས་ལས་ཟླ6པའི་ཚེས29ཉིན་གྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་ཀྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་ཏེ་ནན་གྱིས་བསྟན་དོན། མི་ཐབས་རིག་ནུས་དང་ཟུང་འབྲེལ་གྱི་འགུལ་སྐྱོད་ལག་བསྟར་ཟབ་མོ་བྱས་ཏེ། སྲོག་ཤིང་ལག་རྩལ་འགག་སྒྲོལ་དང་རྩིས་ནུས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་བ། མི་ཐབས་རིག་ནུས་ཀྱི་བདེ་འཇགས་ཚད་མཐའ་བརྟན་སྲུང་བྱེད་དགོས། ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་སོགས་ཀྱི་ཕྱིར་གཏོང་གཞི་ཁྱོན་ཆེ་རུ་གཏོང་བ་དང་། ཞབས་ཞུ་ཉོ་ཚོང་དང་གྲངས་འཛིན་ཉོ་ཚོང་གསོ་སྐྱོང་གང་ལེགས་བྱས་ཏེ། ཕྱི་ཕྱོགས་ཉོ་ཚོང་གི་སྤུས་འདེགས་ཕན་སྐྱེད་ལ་སྐུལ་སྤེལ་གཏོང་དགོས། ནུས་ཁུངས་གྲུབ་ཚུལ་ལེགས་སྒྲིག་ཇེ་མགྱོགས་སུ་གཏོང་བ་དང་། ཐོན་ལས་ལྗང་མདོག་ཅན་དང་ཐཱན་ཉུང་ཅན་དུ་འགྱུར་བར་སྐུལ་འདེད་བཏང་སྟེ། ལྗང་མདོག་དཔལ་འབྱོར་གྱི་འཕར་གཞི་བསྐྲུན་དགོས། ཚེ་སྲོག་གི་དུས་རིམ་ཡོངས་ཀྱི་བདེ་ཐང་ཞབས་ཞུའི་མ་ལག་སྒྲིག་འཛུགས་ཇེ་མགྱོགས་སུ་བཏང་ནས། བདེ་ཐང་ཐོན་ལས་རྒྱ་ཆེར་གསོ་སྐྱོང་དང་། ཆུ་ཚད་སྔར་ལས་མཐོ་བའི་སྒོ་ནས་བདེ་ཐང་མཚོ་སྔོན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས།
གྲོས་ཚོགས་ལས《མཚོ་སྔོན་ཞིང་ཆེན་གྱི་ལོ་ལྔའི་འཆར་འགོད་བཅོ་ལྔ་པར་ཞིང་ལས་ཞིང་སྡེ་དེང་རབས་ཅན་གྱི་འཆར་འགོད་ཇེ་མགྱོགས་སུ་གཏོང་བ》དང་། 《མཚོ་སྔོན་ཞིང་ཆེན་གྱིས་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་གནས་བསྐྲུན་པའི་འཆར་འགོད།(2026—2030ལོ)》 《མཚོ་སྔོན་ཞིང་ཆེན་ཞིང་སྡེ་སྡོད་དམངས་ཀྱི་ཡོང་འབབ་རྒྱུན་མཐུད་ངང་འཕར་བའི་འཆར་གཞི(2026—2030 ལོ)》སོགས་ལ་གྲོས་ཞིབ་བྱས་ནས་རྩ་དོན་ཐོག་གྲོས་འཆམ་བྱུང་སྟེ་ནན་གྱིས་བསྟན་དོན། སྤུས་ཚད་མཐོ་བའི་སྒོ་ནས་འཆར་འགོད་ལག་བསྟར་དམ་འཛིན་དང་། ཆུ་ཚད་མཐོ་བའི་སྒོ་ནས་ལས་ཀའི་སྐུལ་འདེད་དམ་འཛིན། ཚད་གཞི་མཐོ་བའི་སྒོ་ནས་ལས་གཞིའི་འདེགས་སྐྱོར་དམ་འཛིན་བཅས་བྱས་ཏེ། རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་འགན་སྲུང་དང་གཞི་ཁྱོན་རང་བཞིན་གྱིས་དབུལ་ཕོངས་བསྐྱར་འགྱུར་གྱི་ཚད་མཐའ་གཉིས་བརྟན་སྲུང་བྱེད་དགོས་པ་དང་། སྟོབས་ཤུགས་ཡོད་རྒུས་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་གནས་བསྐྲུན་པ་དང་། ནོར་གནག་དང་འཁྱགས་ཆུའི་ཉ་སོགས་ཁྱད་ལྡན་དགེ་མཚན་ཐོན་ལས་ཀྱི་མུ་ཕྲེང་ཡོངས་ཀྱི་སྤུས་འདེགས་རིམ་སྤར་སྐུལ་འདེད་ཇེ་མགྱོགས་སུ་གཏོང་བ། ཐབས་མང་མཉམ་སྤྱོད་སྒོས་ཞིང་སྡེ་སྡོད་དམངས་ཀྱི་ཡོང་འབབ་རྒྱུན་མཐུད་ངང་བརྟན་བརླིང་འཕར་སྣོན་ལ་འགན་སྲུང་བྱེད་པ་དང་། གྲོང་གསེབ་ཁྱོན་ཡོངས་ནས་དར་སྤེལ་སྐུལ་འདེད་ཏན་ཏིག་བཏང་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་ཞིང་གསུམ་གྱི་ལེའུ་གསར་པ་འབད་པས་འབྲི་དགོས།
གྲོས་ཚོགས་ལས་ནན་གྱིས་བསྟན་དོན། མཚོ་སྔོན་ཚོང་གཏམ་ཚོགས་འདུ་སྐབས27པ་དང་རྒྱལ་དབང་རྒྱུ་ནོར་ཀྲུང་དབྱང་ཁེ་ལས་ཀྱིས་མཚོ་སྔོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རམ་འདེགས་བྱེད་པའི་ཆེད་དོན་བྱེད་སྒོ། དེ་བཞིན་མཚོ་སྐོར་ལྕགས་རྟ་འགྲན་བསྡུར་སྐབས་ཉེར་ལྔ་པའི་གྲ་སྒྲིག་བྱ་བ་སོ་སོ། གྲོན་ཆུང་གིས་ཚོགས་འདུ་སྒྲུབ་པ་རྒྱུན་འཁྱོངས་དང་། ཞབས་ཞུ་འགན་སྲུང་ཇེ་དྲག་ཏུ་གཏོང་བ། བདེ་འཇགས་ཀྱི་ཚད་མཐའ་བརྟན་སྲུང་བྱེད་པ། ནུས་ཤུགས་ཡོད་རྒུས་མཚོ་སྔོན་དྲིལ་སྒྲོག་དང་མཚོ་སྔོན་འོས་སྦྱོར། མཚོ་སྔོན་འགྲེམ་སྟོན་སོགས་ཀྱི་སྒེའུ་ཁུང་གལ་ཆེན་བསྐྲུན་ཏེ། ཞིང་ཆེན་ཡོངས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཆེད་དུ་སྒུལ་ནུས་དྲག་པོ་སྩོལ་དགོས།
གྲོས་ཚོགས་ལས་ནན་གྱིས་བསྟན་དོན། རང་བྱུང་ཐོན་ཁུངས་ཀྱི་འཆར་འགོད་གཅིག་གྲངས་འཛིན་སྲིད་གཞུང་འཛུགས་སྐྲུན་གྱི་གཅིག་འདོམས་ནང་བཅུག་སྟེ་སྐུལ་འདེད་གཏོང་བ་དང་། གྲུབ་འབྲས་མཉམ་སྤྱོད་མཉམ་བཀོལ་མཉམ་སྲུང་བཅས་ཀྱི་རྐྱེན་སྲོལ་འཛུགས་པ་འཐུས་ཚང་དུ་གཏོང་བ། འཆར་འགོད་བཟོས་ཏེ་སྒོ་བཅར་ཞབས་འདེགས་ཞུས་ནས། བར་སྟོང་བཅོས་སྐྱོང་ནུས་པ་མཐོར་འདེགས་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བར་འདེགས་སྐྱོར་ནུས་ལྡན་འདོན་སྤྲོད་བྱེད་དགོས།
གྲོས་ཚོགས་ལས་ནན་གྱིས་བསྟན་དོན། ཞིང་ཆེན་སྲིད་གཞུང་གི་ཞང་ཀང་དང་ཨའོ་མོན་གྱི་ཨུ་ཡོན་གྱིས་ཐབས་འདོན་ལེགས་པོར་སྒྲུབ་པ་དང་། ལྗང་མདོག་དངུལ་རྩ་དང་དག་གཙང་ནུས་ཁུངས། རིག་གནས་ཡུལ་སྐོར། གྲངས་འཛིན་ཡུལ་སྐོར། ཚན་རྩལ་གསར་གཏོད། འཇོན་མིའི་སྤེལ་རེས་སོགས་ཀྱི་ཁྱབ་ཁོངས་ལ་དམིགས་ཏེ། མཚོ་སྔོན་དང་ཞང་ཀང་ཨའོ་མོན་བཅས་ཀྱི་མཉམ་ལས་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་སྐུལ་འདེད་གཏོང་དགོས།
གྲོས་ཚོགས་ལས《མཚོ་སྔོན་ཞིང་ཆེན་གྱི་གློག་འདོན་ཚད་ལེན་ཡིད་རྟོན་ཤོང་ཚད་ཀྱི་ཁ་གསབ་རྐྱེན་སྲོལ》ལ་གྲོས་ཞིབ་བྱས་ནས་རྩ་དོན་ཐོག་གྲོས་འཆམ་བྱུང་།
གྲོས་ཚོགས་ལས་དོན་ཚན་གཞན་དག་ལའང་ཞིབ་འཇུག་བྱས།
མཚོ་མོ་སྐྱིད་ཀྱིས་བསྒྱུར།