
ཟླ7པའི་ཚེས3ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝུའུ་ཞའོ་ཅུན་གྱིས་འགོ་འཛིན་བྱས་ཏེ་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་བསྡུས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉེ་དུས་ཀྱི་གསུང་བཤད་གལ་ཆེན་གྱི་མཛུབ་སྟོན་དགོངས་དོན་དང་ཀྲུང་དབྱང་གི་འབྲེལ་ཡོད་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་ལ། རང་ཞིང་གི་ལག་བསྟར་བསམ་འཆར་ལ་ཞིབ་འཇུག་བྱས་ནས་འབྲེལ་ཡོད་བྱ་བར་བཀོད་སྒྲིག་བྱས།
གྲོས་ཚོགས་ལས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ105འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་སྟེང་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱིས་ལོ་ངོ105ཡི་རིང་ཏང་གིས་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ནས་བྲིས་པའི་བརྗིད་ཉམས་ལྡན་པའི་ལོ་རྒྱུས་སྙན་ངག་ལ་ཕྱོགས་ཡོངས་ནས་ཕྱིར་དྲན་བྱས་པ་དང་། ང་ཚོའི་ཏང་གིས་འོད་སྟོང་འབར་བའི“ཐོག་མཐའ་བར་གསུམ་དྲུག”གི་ཕུལ་བྱུང་ཁྱད་ཆོས་རྒྱུན་ཆད་མེད་པར་བསྐྲུན་པ་གསལ་སྟོན་གཏིང་ཟབ་བྱས་ཤིང་། “ངེས་པར་ལྔ”ཡི་བླང་བྱ་གལ་ཆེན་འབུར་དུ་བཏོན་པར་བྱས་ལ། ཏང་ཡོངས་ལ“ལོ་རྒྱུས་ཀྱི་འོད་སྟོང་གསར་པ་སྟོབས་ཤུགས་ཆེར་སྐྱེད་ཀྱིས་བསྐྲུན་དགོས་པའི”རླབས་ཆེན་འབོད་སྐུལ་བཏང་། གསུང་བཤད་ནི་དུས་བབ་མཐོ་གཟིགས་དང་། དགོངས་པ་གཏིང་ཟབ་པ། བརྩེ་དུང་ཟབ་མོ་ལྡན་པ། མི་སེམས་ལ་ངར་ཤུགས་སྐྱེད་པ་བཅས་ཡིན་པས། མར་ཁེ་སིའི་རིང་ལུགས་ཀྱི་བདེན་དོན་གྱི་འོད་ཟེར་འཕྲོ་བའི་རྩ་འཛིན་རང་བཞིན་གྱི་ཡིག་ཆ་ཞིག་དང་། ཏང་ཡོངས་དཔའ་མཛངས་རྟུལ་ཕོད་ཀྱིས་མདུན་དུ་སྐྱོད་པའི་འཐབ་ལམ་གསར་པར་སྣེ་ཁྲིད་པའི་ཆབ་སྲིད་ཀྱི་བསྒྲགས་གཏམ་ཞིག་རེད། ཞིང་ཆེན་ཡོངས་ཀྱི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། ཞི་ཅིན་ཕིང་གི་ཏང་འཛུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུར་ཟུང་འབྲེལ་བྱེད་པ་དང་། སྲིད་འབྲས་ལྟ་བ་ཡང་དག་འཛུགས་པ་དང་ལག་བསྟར་བྱེད་པའི་སློབ་སྦྱོང་སློབ་གསོ་ཏན་ཏིག་སྤེལ་རྒྱུ་དང་ཟུང་འབྲེལ་བྱས་ནས། “གཏན་ཕབ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་བླངས་ཏེ། “སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་སྒྲུབ་པ་དང་། ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་རྒྱུན་འཁྱོངས་དང་ཤུགས་བསྣན་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་བྱ་བའི་ཐད་གནང་པའི་བླང་བྱ་གལ་ཆེན་ཇི་མ་ཇི་བཞིན་དོན་ཐོག་ཏུ་འཁྱོལ་བར་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་ལག་ལེན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་དགོས་ཞེས་ནན་གྱིས་བསྟན།
གྲོས་ཚོགས་ལས་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་ནས། རང་ཞིང་གི་ཞོད་འགོག་དང་ཐན་འགོག་བྱ་བར་བཀོད་སྒྲིག་བྱས། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། ཐོག་མཐའ་བར་གསུམ་དུ་མི་དམངས་ཀྱི་ཚེ་སྲོག་བདེ་འཇགས་ཨང་དང་པོར་འཇོག་པ་དང་། ཚད་མཐའི་བསམ་གཞིགས་བརྟན་པོ་བཙུགས་ནས། བདེ་འཇགས་འགན་ལེན་དང་བརྟན་ལྷིང་སྲུང་སྐྱོང་བྱ་རྒྱུ་དེ་ཆབ་སྲིད་ཀྱི་འགན་འཁྲིར་བརྩིས་ཏེ། ལྟ་ཞིབ་ཚད་ལེན་དང་སྔོན་བརྡ་གཏོང་ཤུགས་ཆེ་རུ་གཏོང་བ་དང་། “གོ་རྟོགས་སད་པ”དང“ཁ་གཏད་འཇལ་བའི”རྐྱེན་སྲོལ་དོན་འཁྱོལ་ནན་མོ་བྱས་ནས། དུས་ཐོག་ཏུ་འཕྲལ་ཐག་ཆོད་པོས་མི་སྣ་རྩ་འཛུགས་བྱས་ཏེ་ཉེན་གཡོལ་གནས་སྤོ་བྱེད་དགོས། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་གནོད་འགོག་གནོད་འཕྲི་གནོད་སེལ་གྱི་བྱེད་པོའི་འགན་འཁྲི་དོན་འཁྱོལ་ནན་མོ་བྱས་ཏེ། གཅིག་གྱུར་འཆར་འགོད་མཐུན་སྦྱོར་དང་བཀོད་འདོམས་བཀོད་གཏོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཐོན་ཁུངས་གཞི་རིམ་ལ་ཕྱོགས་པ་དང་སྟོབས་ཤུགས་ལས་ཡུལ་དང་པོར་ཕྱོགས་རྒྱུ་རྒྱུན་འཁྱོངས་བྱས་ནས། གཞི་རིམ་གྱི་ཞོད་འགོག་གནོད་འཕྲི་གནོད་སེལ་གྱི་ནུས་པ་དངོས་གནས་ཆེ་རུ་གཏོང་དགོས། རིམ་པ་སོ་སོའི་འགོ་ཁྲིད་ལས་བྱེད་པས་སྲིད་འབྲས་ལྟ་བ་ཡང་དག་འཛུགས་པ་དང་ལག་བསྟར་བྱས་ནས། ལས་རེས་ལ་ཤུགས་སྣོན་པ་དང་མདུན་ཕྱོགས་སུ་བཀོད་འདོམས་བྱས་ཏེ། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་མཐའ་གཅིག་ཏུ་སྲུང་སྐྱོང་ཡག་པོ་བྱེད་དགོས་ཞེས་བསྟན།
གྲོས་ཚོགས་ལས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱུན་རྣམ་ཅན་གྱི་ཤར་རྒྱུད་དང་ནུབ་རྒྱུད་རོགས་ལས་བྱ་བ་ཡག་པོ་བསྒྲུབ་རྒྱུའི་ཐད་གནང་བའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། ཐོག་མཐའ་བར་གསུམ་དུ་རྒྱུན་རྣམ་ཅན་གྱི་སྒོ་ནས་ཤར་ནུབ་རྒྱུད་ཀྱི་རོགས་ལས་བྱ་བ་ཡག་པོར་སྒྲུབ་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ནས། རང་འགུལ་ངང་ཅང་སུའུ་ཕྱོགས་དང་འབྲེལ་མཐུད་བྱ་རྒྱུར་ཤུགས་སྣོན་པ་དང་། ཐོན་ལས་ཀྱི“གནས་བཞིའི”འཛུགས་སྐྲུན་ལ་དམིགས་ནས་མུ་ཕྲེང་ཡོངས་ཀྱི་མཉམ་ལས་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་བཏང་སྟེ། “མཚོ་སྔོན་གྱི་རྟེན་གཞི་དང་ཅང་སུའུ་ཁྲོམ་རའི”དཔེ་དབྱིབས་དངོས་བཟོས་ནས། ཤར་ནུབ་རྒྱུད་རོགས་ལས་ཀྱི་ཅང་སུའུ་དང་མཚོ་སྔོན་གྱི་སྤུས་ཚད་མཐོ་བའི་རིམ་སྤར་རྣམ་པ་བསྐྲུན་དགོས་ཞེས་ནན་གྱིས་བསྟན།
གྲོས་ཚོགས་ལས་ད་དུང་སྐབས་ཉེར་བདུན་པའི་མཚོ་སྔོན་ཚོང་གཏམ་གྲོས་ཚོགས་དང་སྐབས་ཉེར་ལྔ་པའི་མཚོ་སྐོར་ལྕགས་རྟ་འགྲན་བསྡུར་སོགས་ཀྱི་གྲ་སྒྲིག་གནས་ཚུལ་ལ་ཉནཔ་པ་དང་། གོ་རིམ་རྗེས་མའི་བྱ་བར་བཀོད་སྒྲིག་བྱས།
ཤ་བོ་རིན་མཚོས་བསྒྱུར།