
ཐོག་མའི་དམ་བཅའ་དང་འགན་འཁྲི་ལ་ཞུན་བརྡར་བྱས་ཏེ་དུས་རབས་ཀྱི་རྒྱུགས་ལན་སྤྲད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ105འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཐོག་གནང་པའི་གསུང་བཤད་གལ་ཆེན་ལ་རྒྱལ་ཡོངས་ཀྱི་ས་གནས་སོ་སོས་དོ་སྣང་ཆེན་པོ་བྱས་པ་དང་། མི་དམངས་དུང་ཕྱུར་མང་པོས་འཐབ་ལམ་གསར་པར་འབད་པས་བསྐྱོད་པ་དང་དུས་རབས་གསར་པར་བྱས་རྗེས་འཇོག་པར་བསྔགས་སྐུལ་བྱས། ཚང་མས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་ནང་དོན་ཕུན་སུམ་ཚོགས་པ་དང་དགོངས་དོན་གྱི་རྩ་བར་གོ་བ་ཟབ་མོ་ལེན་པ། ཐོག་མའི་དམ་བཅའ་མི་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་བཅངས་ནས་ཏང་གི་ཕུལ་དུ་བྱུང་བའི་ཁྱད་ཆོས་རྒྱུན་མི་ཆད་པར་དར་རྒྱས་གོང་འཕེལ་བཏང་སྟེ། དུས་རབས་དང་མི་དམངས་ལ་ངོ་གནོངས་མི་དགོས་པའི་བྱས་རྗེས་གསར་པ་གང་ནུས་ཀྱིས་འཇོག་དགོས།
ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ105འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་སྟེང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ལོ105ཡི་རིང་ལ། ང་ཚོའི་ཏང་གིས་ཐོག་མཐའ་བར་གསུམ་དུ་ཀྲུང་གོའི་མི་དམངས་ལ་བདེ་སྐྱིད་བསྐྲུན་པ་དང་། ཀྲུང་ཧྭ་མི་རིགས་བསྐྱར་དར་ཡོང་བའི་ཐོག་མའི་དམ་བཅའ་བརྟན་སྲུང་བྱས་ཏེ། འབད་འཐབ་ལྷོད་མེད་སྒོས་ལོ་རྒྱུས་ཀྱི་དེབ་ཐེར་དུ་འགོད་འོས་པའི་གྲུབ་འབྲས་རླབས་ཆེན་བསྐྲུན། སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་ཐད་ཀར་མི་སེམས་ལ་འཇགས་པ་དང་། མདུན་སྐྱོད་ཀྱི་སྟོབས་ཤུགས་གཅིག་སྒྲིལ་བྱས།
ཅང་ཞི་ཞིང་ཆེན་ཅིན་ཀང་རི་བོ་གྲོང་ཁྱེར་མའོ་ཕིན་གྲོང་རྡལ་གྱི་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ཡེ་ཧྥེ་ཡིས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་ལ་ཉན་རྗེས། མངགས་བཅོལ་ཡིད་ལ་བཟུང་ནས་མི་རྣམས་ཧུར་ཐག་གིས་མདུན་དུ་སྐྱོད་པར་སྐུལ་མ་བཏང་། 2017ལོར་ཅིན་ཀང་རི་བོས་རྒྱལ་ཡོངས་ནས་སྔོན་ལ་དབུལ་ཞྭ་ཕུད་པ་དང་། དབུལ་མཐར་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་པ་ནས་གྲོང་གསེབ་དར་སྤེལ་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་བར། ང་ཚོས་ཐོན་ལས་ཀྱི་སྤུས་ཚད་ཇེ་མཐོར་གཏོང་བ་དང་། དམངས་འཚོའི་ཕན་འབྲས་ཇེ་ལེགས། མང་ཚོགས་ཀྱི་ཡོང་འབབ་ཇེ་མང་དུ་གཏོང་བ་བཅས་ལེགས་པར་བསྒྲུབས་ཏེ། དངོས་སྒྲུབ་ཀྱི་གྲུབ་འབྲས་ལ་བརྟེན་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གཞིས་ཁུལ་རྙིང་པར་ཐུགས་ཁུར་གནང་པ་དང་རེ་བ་ཆེན་པོ་བཅངས་པར་དྲིས་ལན་བཏབས།
ཉིན་ཞ་དབྱིན་ཁྲོན་གྲོང་ཁྱེར་ཅིན་ཧྥེན་ཆུས་ཧྥེན་ཡུས་སྡེ་ཁུལ་གྱི་སྡོད་དམངས་མཱ་ཡུས་ལུན་གྱིས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་ཡིས་ལོ་བརྒྱ་དང་ལྔའི་རིང་འབད་འཐབ་ལྷོད་མེད་བྱས་པ་ལ་བརྟེན་ནས་ཀྲུང་གོ་མི་དམངས་ཀྱི་མདུན་ལམ་དང་ལས་དབང་ལ་རྩ་བ་ནས་འགྱུར་ལྡོག་བྱུང་པ་ཐོས་རྗེས་ང་སེམས་འགུལ་ཆེན་པོ་ཐེབས་སོང་། རྒྱལ་ཁབ་དབུལ་པོ་དབུལ་རྐྱང་ནས་རླབས་ཆེན་བསྐྱར་དར་གྱི་ཕྱོགས་སུ་བསྐྱོད་པར་མང་ཚོགས་ལ་མྱོང་ཚོར་ཟབ་མོ་ལྡན། ད་སྐབས་བུ་ཕྲུག་སློབ་གྲྭར་འགྲོ་བ་དང་རྒན་པ་རྣམས་སྨན་པ་བསྟེན་རྒྱུ་སོགས་ཧ་ཅང་སྟབས་བདེ་ཡིན་པར་མ་ཟད། སྡེ་ཁུལ་འཛུགས་སྐྲུན་ལེགས་པོ་བྱས་ནས་མེ་ཏོག་ལྡུམ་ར་ཞིག་དང་ཀུན་ནས་མཚུངས། ཏང་གི་འགོ་ཁྲིད་བརྟན་པོ་ཡོད་པས་ང་ཚོ་མ་འོངས་པར་ཡིད་ཆེས་ཀྱིས་ཁེངས་ཡོད།
ཡུན་ནན་ཞིང་ཆེན་རྒྱལ་མོ་རྔུལ་ཆུ་ལི་སུའུ་རིགས་རང་སྐྱོང་ཁུལ་ཏུའུ་ལུང་ཅང་ཡུལ་ཚོའི་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ཅང་པིན་གྱིས་བཤད་རྒྱུར། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་བརྟན་པོའི་འོག ང་ཚོའི་མཐའ་མཚམས་ས་ཁུལ་ལ་འགྱུར་ལྡོག་ཆེན་པོ་བྱུང་། ཏུའུ་ལུང་རིགས་ཀྱིས་འདེབས་འཛུགས་བྱེད་སྟངས་བསྒྱུར་ནས་གདོད་མའི་འཚོ་བར་ཡོངས་སུ་རྫོགས་ཚིག་བཀོད་དེ“གོམ་སྟོབས་གཅིག་གིས་ལོ་ངོ་སྟོང་ཕྲག་བརྒལ་བའི”ལོ་རྒྱུས་རང་བཞིན་གྱི་མཆོང་སྐྱོད་མངོན་འགྱུར་བྱུང་། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅིའི་མངགས་བཅོལ་ཡིད་ལ་དམ་པོར་བཟུང་སྟེ། ཏང་འཛུགས་སྣེ་ཁྲིད་དུ་བཟུང་ནས་ཁྱད་ལྡན་ཐོན་ལས་ལ་ཤུགས་སྣོན་པ་དང་། གྲོང་གསེབ་དར་སྤེལ་དང་མི་རིགས་མཐུན་སྒྲིལ། མཐའ་མཚམས་བརྟན་སྲུང་བཅས་ཀྱི་ལས་དོན་ཁག་ལ་སྐུལ་འདེད་ནན་མོ་གཏོང་རྒྱུ་ཡིན།
ཀན་སུའུ་ཞིང་ཆེན་ཝུའུ་ཝུའེ་གྲོང་ཁྱེར་ཀུའུ་ལང་རྫོང་པ་པུའུ་ཧྲ་ནགས་རའི་འགོ་གཙོ་ཀའོ་ཝན་ཀང་གིས་བཤད་རྒྱུར།
པ་པུའུ་ཧྲ་བརྒལ་ན་བྱེ་རླུང་གི་གནོད་པ་ཡོད་པས། མང་ཚོགས་རྣམས་ཕ་ཡུལ་དང་ཁ་མི་འབྲལ་ག་མེད་དུ་གྱུར་བ་དང་། རབས་རེ་རེའི་གུང་ཁྲན་ཏང་ཡོན་གྱིས་སྣེ་ཁྲིད་དེ་བྱེ་བཅོས་ཀྱི་རྒྱུན་བསྐྱངས་པ་ལ་བརྟེན་ནས། དཀའ་ཁག་གི་མདུན་དུ་མགོ་མི་སྒུར་བར་བྱེ་ཐང་སྤང་ལྗོངས་སུ་བསྒྱུར་པས། འདི་ནི་ཀྲུང་གོ་གུང་ཁྲན་ཏང་གི་ཕུལ་དུ་བྱུང་བའི་དཔེ་མཚོན་གྱི་ལག་ལེན་ཡིན། ང་ཚོས་ངེས་པར་དུ་ཡིད་ཆེས་ཇེ་བརྟན་དང་མུ་མཐུད་ནས་འབད་འཐབ་བྱས་ཏེ། མེས་རྒྱལ་ཀྱི་ནུབ་རྒྱུད་སྐྱེ་ཁམས་བདེ་འཇགས་ཀྱི་སྲུང་ཡོལ་ཇེ་བརྟན་དུ་གཏོང་རྒྱུ་ཡིན།
ལོ་བརྒྱ་དང་ལྔའི་རིང་ལ། ཀྲུང་གོ་གུང་ཁྲན་ཏང་མིས་མི་རབས་ནས་མི་རབས་བར་ཀྲུང་གོ་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ། འབད་འཐབ་ཀྱི་ཁྲོད་དུ་རྒྱུན་ཆད་མེད་པར་གྲུབ་འབྲས་གཡུར་དུ་ཟ་བ་བླངས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱིས་ཀྲུང་གོ་གུང་ཁྲན་ཏང་འཇོན་པོ་ཡོད་པའི་རྩ་བའི་གསང་གནད་ལེགས་པར་གསལ་སྟོན་བྱས་པ་དང་། འཐབ་ལམ་གསར་པའི་སྟེང་དུ་ཀྲུང་གོ་གུང་ཁྲན་ཏང་མི་ཡོངས་ཀྱིས་ཡིད་ཆེས་བརྟན་པོ་དང་མུ་ནས་འབད་འཐབ་བྱེད་པར་བླང་བྱ་གསལ་བོ་བཏོན།
“ཕུལ་བྱུང་གཉིས་དང་སྔོན་ཐོན་གཅིག”གི་གཟེངས་བསྟོད་བྱ་ཡུལ(སྔོན་ཐོན་གཞི་རིམ་ཏང་རྩ་འཛུགས་ཀྱི་ཉིང་རྡུལ་བཟོ་ལས་ལྷོ་ནུབ་དངོས་ལུགས་ཞིབ་འཇུག་གླིང་ཚན་རིག་འདུས་འགྱུར་ཚོད་ལྟ་སའོ་ཡི་ཏང་སྤྱི་ཁྱབ་ཀྲི་པུའུ་ལི་པོ་ཡིས་བཤད་རྒྱུར། ) ཡུལ་དངོས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལ་ཉན་རྗེས། ང་ལ་མྱོང་ཚོར་ཟབ་མོ་ཞིག་ཡོད་པ་ནི། ཏང་གིས་ཕྱོགས་ཡོངས་ནས་འགོ་ཁྲིད་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ་ནི་དཀའ་ཁག་མཐའ་དག་སེལ་བའི་རྩ་བའི་ཁག་ཐེག་ཡིན། ང་ཚོས་ཞི་ཅིན་ཕིང་གི་ཏང་འཛུགས་དགོངས་པ་མཛུབ་སྟོན་དུ་བཟུང་སྟེ། ཚན་ཞིབ་འགག་སྒྲོལ་དུ་ཏང་ཡོན་གྱི་གདོང་ལེན་དཔེ་བཟང་གི་ནུས་པ་ལེགས་པར་མངོན་ནས་མགྱོགས་མྱུར་གྱིས་ཚན་རྩལ་སྟོབས་ལྡན་རྒྱལ་ཁབ་འཛུགས་རྒྱུར་སླར་ཡང་བྱས་རྗེས་གསར་པ་འཇོག་རྒྱུ་ཡིན།
“ཕུལ་བྱུང་གཉིས་དང་སྔོན་ཐོན་གཅིག”གི་གཟེངས་བསྟོད་བྱ་ཡུལ། ཕུལ་བྱུང་གུང་ཁྲན་ཏང་ཡོན་ཀུའེ་ཀྲོའུ་ཞིང་ཆེན་ལིའུ་ཕན་ཧྲའེ་གྲོང་ཁྱེར་ཧྲན་ཧའེ་གླིང་འདེབས་འཛུགས་ཞིང་པའི་ཆེད་ལས་མཉམ་ལས་ཁང་གི་ལས་འཛིན་དཔོན་ལི་ཧྲི་ཡའོ་ཡིས་བཤད་རྒྱུར།
ཝུའུ་མེང་རི་ཁུལ་དུ་སྡོད་དུས། ངས་གྲོང་གསེབ་ཀྱི་རྣམ་པ་ཇེ་ལེགས་སུ་ཕྱིན་ནས་དམངས་འཚོའི་བྱ་གཞག་ལ་ཡར་རྒྱས་ཆེན་པོ་བྱུང་བ་དངོས་སུ་རིག་མྱོང་། འགྱུར་ལྡོག་འདི་དག་ལས་ང་ཚོའི་ཏང་ནི་རླབས་ཆེ་ཞིང་གཟི་བརྗིད་ལྡན་ལ་ཡང་དག་པའི་ཏང་ཞིག་ཡིན་པ་ར་སྤྲོད་ལེགས་པོ་བྱས། ང་ཚོས་ཐོག་མཐའ་དྲུག་གི་ཕུལ་བྱུང་ཁྱད་ཆོས་རྒྱུན་འཛིན་དང་དར་སྤེལ་གཏོང་དགོས་པ་དང་། ཡུལ་མི་ཚོའི་སྣེ་ཁྲིད་དེ་མཉམ་དུ་དེང་རབས་རི་ཁུལ་གྱི་ཁྱད་ལྡན་ནུས་མཐོའི་ཞིང་ལས་འཕེལ་རྒྱས་སུ་བཏང་སྟེ། ཡུལ་མི་ཚོའི་འཚོ་བ་ཉིན་རེ་བཞིན་ཇེ་ལེགས་སུ་ཕྱིན།
“ཕུལ་བྱུང་གཉིས་དང་སྔོན་ཐོན་གཅིག”གི་གཟེངས་རྟགས་ཐོབ་མཁན་ཧན་དབྱང་གིས་བཤད་རྒྱུར། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་དང་། ཞི་ཅིན་ཕིང་གི་ཏང་འཛུགས་སྐྱོང་གི་དགོངས་པར་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། ཐོག་མཐའ་བར་གསུམ་དུ་ཐོག་མའི་བསམ་འདུན་དང་འགན་འཁྲི་སེམས་ལ་བརྟན་པོར་ངེས་དགོས། མང་ཚོགས་ཀྱི་དགོས་མཁོ་དེ་ཆེས་མཐོ་ཤོས་སུ་བཞག་སྟེ། དམངས་ཕན་ཞབས་ཞུ་ཞིབ་ཚགས་དང་། དམངས་འཚོའི་དོན་དངོས་ཏན་ཏིག་ངང་སྒྲུབ་པ། གཞི་རིམ་བཅོས་སྐྱོང་གཏིང་ཟབ་བཅས་བྱས་ནས། སྡེ་ཁུལ་དེ་གྲོང་མི་རྣམས་ཀྱི་བློ་རྟོན་ས་དང་སྐྱིད་སྣང་ཆེ་ཤོས་ཀྱི་སྡོད་གནས་སུ་འགྱུར་དགོས།
དུས་ཚོད་ཀྱིས་མི་ལ་མི་སྒུག་ཅིང་ལོ་རྒྱུས་ཀྱིས་ཀྱང་མི་ལ་མི་སྒུག སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱིས་མི་སེམས་ལ་སྐུལ་མ་ཐེབས་པ་དང་། ཏང་ཡོངས་ལ་ལོ་རྒྱུས་ཀྱི་འོད་སྟོང་འབར་བའི་རླབས་ཆེན་གྱི་འབོད་སྐུལ་གནང་ཡོད་པ་རེད། ཚན་རྩལ་གསར་གཏོད་ཀྱི་འགག་སྒྲོལ་གཡུལ་ས་ནས་བསྒྱུར་བཅོས་སྒོ་འབྱེད་ཀྱི་མདུན་གྲལ་གྱི་སྒོ་མོའི་བར། གྲོང་གསེབ་དར་སྤེལ་གྱི་ཁོད་ཆེ་བའི་ཞིང་ཁ་ནས་དམངས་འཚོ་ལེགས་བཅོས་ཀྱི་གཞི་རིམ་གྱི་འཐབ་ཕྱོགས་དང་པོའི་བར། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་སྟོབས་ལྡན་གྱི་འགོ་ཁྲིད་འོག ད་ལྟའི་ཀྲུང་གོ་མི་དམངས་ཀྱིས་རང་རྟོན་དང་། རང་ཚུགས། རང་སྟོབས་བཅས་ཀྱི་སྒོ་ནས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་ཕྱོགས་སུ་གོམ་སྟབས་ཆེན་པོས་སྐྱོད་བཞིན་ཡོད།
ཀྲུང་གོ་འགྲིམ་འགྲུལ་ཐེན་ཅིན་མཁའ་འགྲུལ་ཅུས་ཀྱི“ཐེན་ཁོན་རྟགས་ཅན”གྱི་ཞིབ་འཇུག་གསར་སྤེལ་བཟོ་བཀོད་པ་དབྱང་ཀྲེང་ཅུན་གྱིས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དུས་རབས་གསར་པ་དང་འཐབ་ལམ་གསར་པའི་ཏང་གི་འགན་འཁྲི་དང་ལས་འགན་མངོན་འགྱུར་བྱེད་པར་ཀྲུང་གོ་གུང་ཁྲན་ཏང་མི་ཡོངས་ཀྱིས་ཡིད་ཆེས་བརྟན་པོ་དང་རྒྱུན་མཐུད་འབད་འཐབ་བྱེད་དགོས་པའི་བླང་བྱ་བཏོན། ང་ཚོས་རང་འགུལ་ངང་ཆུ་ཚད་མཐོ་བའི་ཚན་རྩལ་གྱི་རང་ཚུགས་རང་འབད་ཀྱི་འགན་འཁྲི་ཕྲག་ཏུ་འཁུར་ཏེ། གསར་གཏོད་ཀྱི་རང་འགུལ་དབང་ཆ་དང་འཕེལ་རྒྱས་ཀྱི་རང་འགུལ་དབང་ཆ་བློ་བརྟན་འགྱུར་མེད་ཀྱིས་ང་ཚོ་རང་ཉིད་ཀྱི་ལག་ཏུ་དམ་པོར་བཟུང་སྟེ། “རྒྱལ་ཁབ་ཆེན་པོའི་མཆོག་ནོར”སྔར་ལས་མང་བ་བསྐྲུན་ནས། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་ཡོང་བར་བྱས་རྗེས་འཇོག་དགོས།
ཧྲན་ཏུང་ཞིང་ཆེན་ཙོའུ་ཁྲེང་གྲོང་ཁྱེར་ཀང་ཧྲན་ཁྲོམ་གཞུང་ཧོའུ་པ་ལི་ཀོའུ་སྡེ་བའི་ཏང་ཨུའི་ཧྲུའུ་ཅི་སུང་ཝེ་ཡིས་བཤད་རྒྱུར། ང་ཚོའི་ཏང་ནི་མི་དམངས་ཀྱི་ཁྲོད་དུ་རྩ་བ་ཚུགས་ཤིང་། ཐོག་མཐའ་བར་གསུམ་དུ་རྨང་གཞི་བརྟན་པོ་ཡོད། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅིའི་མངགས་བཅོལ་ཡིད་ལ་བརྟན་པོར་བཅངས་ནས་མང་ཚོགས་ཀྱིས་བསམ་བློ་གཏོང་སར་བསམ་བློ་གཏོང་བ་དང་། མང་ཚོགས་ཀྱིས་སེམས་ཁྲལ་བྱེད་སར་སེམས་ཁྲལ་བྱེད་པ། དོན་དངོས་མང་ཙམ་སྒྲུབ་པ་དང་དོན་བཟང་མང་ཙམ་སྒྲུབ་པ། གྲོང་གསེབ་ཀྱི་དེང་རབས་འཚོ་བའི་ཆ་རྐྱེན་གྱི་ཞན་ཆ་གང་མགྱོགས་སྒོས་ཁ་གསབ་བྱས་ནས་རིག་གནས་དང་ཡུལ་སྐོར། སློབ་གསོ། སྨན་བཅོས་དང་ཁམས་གསོ་སོགས་ཀྱི་ཐོན་ལས་འཕེལ་རྒྱས་དང་སྟོབས་ཆེར་བཏང་ནས་གྲོང་གསེབ་དེ་བས་མཛེས་སྡུག་ལྡན་ཞིང་ཐོན་ལས་དེ་བས་དར་རྒྱས་ཡོང་བར་བྱེད་དགོས།
ཧའེ་ནན་ཞིང་ཆེན་ཏང་ཨུའི་རྒྱལ་སྤྱིའི་མཉམ་ལས་ཁྲུའུ་ཡི་ཁྲུའུ་ཀྲང་ཆི་ཅིང་ཝུན་གྱིས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་ལ་ཉན་སྐབས་ངའི་སེམས་སུ་སྤོབས་སེམས་དང་ལས་འགན་གྱི་འདུ་ཤེས་ཀྱིས་ཁེངས་ཡོད། ཏང་ཀྲུང་དབྱང་གིས་ཧའེ་ནན་དུ་རང་མོས་ཉོ་ཚོང་གྲུ་ཁ་འཛུགས་སྐྲུན་བྱ་བར་སྤྲད་པའི་ལས་འགན་གལ་ཆེན་དེ་ང་ཚོས་ལས་གནས་ཀྱི་འགན་འཁྲི་དང་ཟུང་འབྲེལ་བྱས་ནས་ཏང་གི་ཕུལ་བྱུང་ཁྱད་ཆོས་དེ་ཟམ་མི་ཆད་པར་དར་སྤེལ་གཏོང་རྒྱུ་ཡིན། གོམ་སྟབས་བརྟན་པོའི་ངང་ལམ་ལུགས་ཅན་གྱི་སྒོ་འབྱེད་རྒྱ་ཆེ་རུ་གཏོང་བ་དང་། འབད་བརྩོན་ཆེན་པོས་ཧའེ་ནན་རང་མོས་ཚོང་དོན་གྲུ་ཁ་དེ་རང་རྒྱལ་གྱི་དུས་རབས་གསར་པའི་ཕྱི་ཕྱོགས་སྒོ་འབྱེད་ལ་སྣེ་ཁྲིད་པའི་སྒོ་མོ་གལ་ཆེན་ཞིག་ཏུ་འགྱུར་བར་བྱེད་དགོས།
ཞུང་ཨན་ཁུལ་གསར་གྱི་ཏང་གི་ལས་དོན་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ལིའུ་ཀྲི་ལེང་གིས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསྟན་དོན། ཏང་གིས་མི་དམངས་ཀྱི་འགོ་ཁྲིད་དེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བ་དང་། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་དེང་རབས་ཅན་གྱི་ཕྱོགས་སུ་སྐྱོད་པའི་ཐབས་ལམ་རྒྱ་ཆེར་བཏང་ཡོད། སྤྱི་ཁྱབ་ཧྲུའུ་ཅིས་ཞུང་ཨན་ཁུལ་གསར་དུ་རྟོག་ཞིབ་ཐེངས་བཞིར་གནང་ནས་ཁུལ་གསར་འཕེལ་རྒྱས་འགྲོ་བར་ཁ་ཕྱོགས་གཏན་འཁེལ་གནང་བ་རེད། ང་ཚོས“གཏན་ཕབ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་དགོས་པ་དང་། “སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་སྒྲུབ་ཐུབ་པར་བྱས་ཏེ། ཞི་ཅིན་ཕིང་གི་ཏང་འཛུགས་དགོངས་པ་མཛུབ་ཁྲིད་དུ་བཟུང་ནས་དུས་རབས་གསར་པའི་གསར་གཏོད་མཐོ་ས་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་དཔེ་སྟོན་ཧུར་ཐག་གིས་གཏོད་དགོས་ལ། སྟོབས་ཤུགས་ཡོད་རྒུས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ལེའུ་གསར་པ་རྩོམ་དགོས།