ཞི་ཅིན་ཕིང་གིས་ཞོད་འགོག་གནོད་སེལ་བྱ་བར་མཛུབ་སྟོན་གལ་ཆེན་གནང་།  
ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས།

ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཞོད་འགོག་གནོད་སེལ་བྱ་བའི་ཐད་མཛུབ་སྟོན་གལ་ཆེན་གནང་།

 ཞི་ཅིན་ཕིང་གིས་བསྟན་དོན། ཉེ་དུས། ཀོང་ཞི་དང་ཧུའུ་པེ། ཀན་སུའུ་སོགས་སུ་ཆར་བ་ཆེན་པོ་དང་རླུང་ཆེན་གཡུག་པས་ཆུ་མཛོད་ཀྱི་ཆུ་རགས་དང་རི་ཉིལ་བ་སོགས་ཀྱི་གནོད་འཚེ་གཅིག་རྗེས་གཉིས་མཐུད་དུ་བྱུང་ཡོད་པས། མི་སྣ་ཤི་རྨས་དང་དཔལ་འབྱོར་གྱོང་གུན་ཚབས་ཆེན་བཟོས། ནུས་ཤུགས་ཡོད་རྒུས་ཉེན་སེལ་རོགས་སྐྱོབ་དང་། རྨས་མ་སྐྱོབ་བཅོས། མང་ཚོགས་བཀོད་སྒྲིག་སོགས་ཀྱི་བྱ་བ་སྒྲིག་འཛུགས་བྱས་ཏེ། ཚད་གཞི་མཐོ་ཤོས་ཀྱི་སྒོ་ནས་མི་སྣ་ཤི་རྨས་ཇེ་ཉུང་དུ་བཏང་ནས། ཞོར་ཐོན་གནོད་འཚེ་སྔོན་འགོག་བྱེད་དགོས།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། དེང་སྐབས་ཞོད་འགོག་གི་དུས་བབ་ཛ་དྲག་རྙོག་འཛིང་ཆེ་བས། ས་གནས་སོ་སོ་དང་འབྲེལ་ཡོད་སྡེ་ཁག་སོ་སོས་གཏན་ལ་ཕབ་པའི་བཀོད་སྒྲིག་བྱེད་ཐབས་དོན་འཁྱོལ་བྱ་རྒྱུ་དམ་འཛིན་ལེགས་པོ་དང་། བག་གཡེང་གི་བསམ་བློ་དང་སྟེས་དབང་གི་བསམ་ཚུལ་ཁྱད་བསད་མཐའ་གཅིག་ཏུ་བྱ་དགོས་ལ། གནོད་འགོག་གནོད་སེལ་གྱི་འགན་འཁྲི་གཟབ་ནན་དུ་གཏོང་དགོས་ཏེ། གཙང་པོ་དང་ཆུ་བོ། མཚེའུ། ཉེན་ཆེའི་ཆུ་མཛོད། ས་གཤིས་ཀྱི་གནོད་འཚེ་འབྱུང་སླ་བའི་ས་ཁུལ་སོགས་ཀྱི་ཉེན་ཁ་དང་མངོན་མེད་རྐྱེན་ངན་གྲལ་བཤེར་བཅོས་སྒྲིག་གཏིང་ཟབ་བྱེད་པ་དང་། ལྟ་ཞིབ་ཚད་ལེན་དང་སྔོན་བརྡ་གཏོང་བ་དང་འཕྲལ་བསྟུན་རོགས་སྐྱོབ་ཀྱི་གྲ་སྒྲིག་བྱེད་ཤུགས་ཆེ་རུ་གཏོང་དགོས་ལ། གནོད་འགོག་གནོད་སེལ་གྱི་བྱ་བ་སོ་སོ་ཏན་ཏིག་ངང་ཡག་པོ་བསྒྲུབས་ནས། མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ཡོང་བར་འགན་ལེན་བྱེད་དགོས།

 ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་མཆན་བཀོད་མཛུབ་སྟོན་གནང་ནས། ཉེ་དུས་ཐལ་དྲགས་པའི་གནམ་གཤིས་ཐོན་མང་བས། རྒྱལ་ཁབ་ཞོད་འགོག་གཞུང་སྒྲུབ་ཁང་དང་རྒྱལ་ཁབ་གནོད་འགོག་གནོད་སེལ་གཞུང་སྒྲུབ་ཁང་གིས་ས་གནས་སོ་སོར་ཆར་བ་འབབ་ཚུལ་དང་ཞོད་ཚུལ་ལ་དོ་ཁུར་ཆེན་པོ་བྱ་རྒྱུར་མཛུབ་ཁྲིད་བྱས་ཏེ། ཉེན་ཁའི་གནས་ཚུལ་ལ་ལྟ་ཞིབ་ཚད་ལེན་དང་སྔོན་བརྡ་གཏོང་རྒྱུར་ཤུགས་སྣོན་བརྒྱབ་ནས། ནུས་ཤུགས་ཡོད་རྒུས་ཉེན་སེལ་རོགས་སྐྱོབ་བྱས་ཏེ། གནོད་འཚེའི་ཉེན་ཁ་དང་མི་མངོན་པའི་རྐྱེན་ངན་གྲལ་བཤེར་གཏིང་ཟབ་བྱེད་པ་དང་། ཞོད་འགོག་གནོད་སེལ་གྱི་བྱ་ཐབས་སོ་སོ་དོན་འཁྱོལ་བྱས་ཏེ། ཞོར་ཐོན་གནོད་འཚེ་ཚབས་ཆེན་ཐོན་རྒྱུ་གཏན་འགོག་བྱས།