དམངས་ཡོངས་ཀྱི་འཇར་འགོག་དམག་འཁྲུག་ལངས་ནས་ལོ89འཁོར་བར་རྗེས་དྲན་ཞུ་བའི་མཛད་སྒོ་པེ་ཅིང་དུ་བསྡུས།
ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས།

དམངས་ཡོངས་ཀྱི་འཇར་འགོག་དམག་འཁྲུག་ལངས་ནས་ལོ89འཁོར་བར་རྗེས་དྲན་ཞུ་བའི་མཛད་སྒོ་ཚེས7ཉིན་གྱི་སྔ་དྲོ་ཀྲུང་གོ་མི་དམངས་འཇར་འགོག་དམག་འཁྲུག་རྗེས་དྲན་ཁང་དུ་བསྡུས།

ལུའུ་ཀོའུ་ཟམ་པའི་འགྲམ་དུ་བརྗིད་ཉམས་ཆེ་ལ། ཀྲུང་གོ་མི་དམངས་འཇར་འགོག་དམག་འཁྲུག་རྗེས་དྲན་ཁང་འགྱིང་ངེར་ལངས། སྔ་དྲོའི་དུས་ཚོད་དགུ་པར། རྗེས་དྲན་གྱི་མཛད་སྒོ་རྔམ་བརྗིད་ལྡན་པའི་རྒྱལ་གླུའི་ཁྲོད་འགོ་ཚུགས། རྒྱལ་སའི་སློབ་མའི་འཐུས་མིས་བརྩེ་བ་ཟབ་མོའི་སྒོ་ནས་འཇར་འགོག་དམག་འཁྲུག་གི་སྙན་ངག་གྱེར་འདོན་བྱས་པ་དང་། རྒྱལ་སའི་སློབ་ཆེན་སློབ་མའི་མཉམ་གཞས་ཚོགས་པས་གླུ་གཞས《འཇར་འགོག་དམག་སྲིད་སློབ་ཆེན་གྱི་སློབ་གླུ》དང《གུང་ཁྲན་ཏང་མེད་ན་ཀྲུང་གོ་གསར་པ་མེད》ཅེས་པ་འཁྲབ་སྟོན་བྱས་ནས། ན་གཞོན་ཚོས་བློ་བརྟན་འགྱུར་མེད་ངང་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་རྗེས་སུ་འབྲང་བ། དཔའ་བོའི་སྙིང་སྟོབས་རྒྱུན་འཛིན་བྱེད་པ། འབད་འབུངས་ཡར་བརྩོན་གྱི་སྟོབས་ཤུགས་བསྡུ་ལེན་བྱེད་པ་བཅས་མཚོན་པར་བྱས་ཡོད་དེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་འགན་འཁུར་ཕོད་པའི་ཆོད་སེམས་བཅངས།

དེ་རྗེས་ལས་རིགས་སོ་སོའི་འཐུས་མི་གོམ་པ་དལ་མོའི་ངང་སྐས་རིམ་དུ་འཛེགས་ཏེ། རིམ་བཞིན་འཇར་འགོག་དམག་འཁྲུག་གི་ཚོམས་ཁང་དུ་ཕེབས་ནས་ལག་ཏུ་མེ་ཏོག་གི་ཆུན་པོ་བཟུང་བ་དང་། ཀྲུང་ཧྭ་མི་རིགས་ཀྱི་མཐུན་སྒྲིལ་གྱིས་འཇར་འགོག་དམག་འཁྲུག་བྱེད་པ་མཚོན་པའི་འབུར་བརྐོས་ཆེ་གྲས《ལྕགས་རི་བརྟན་པོའི》མདུན་དུ་ཕུལ་བ་དང་འབྲེལ་འཇར་འགོག་དམག་འཁྲུག་གི་སྔོན་གཤེགས་དཔའ་བོར་གུས་འདུད་ཞུས།