
ཀྲུང་གོ་ཚན་རིག་གླིང་དང་ཀྲུང་གོ་བཟོ་སྐྲུན་གླིང་གཉིས་ཀྱི་ཡོན་ཧྲིའི་ཚོགས་ཆེན་གྱི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་ཚེས9ཉིན་གྱི་ཕྱི་དྲོར་པེ་ཅིང་དུ་འཚོགས་ཤིང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཏིང་ཞུའེ་ཞང་ཚོགས་འདུར་ཞུགས་ནས་གསུང་བཤད་གནང་།
ཏིང་ཞུའེ་ཞང་གིས་བསྟན་དོན། དུས་རབས་གསར་པའི་ཚན་རྩལ་བྱ་གཞག་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་བྱུང་བའི་རྩ་བ་ནི་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་སྣེ་ཁྲིད་ཁ་ཕྱོགས་ལ་ཐུག་ཡོད་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ཚན་རིག་དང་མཐུན་པའི་མཛུབ་ཁྲིད་ལ་ཐུག་ཡོད། ང་ཚོས་དེའི་ཁྲོད་ནས“གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་བླངས་ཏེ “འདུ་ཤེས་བཞི”ཇེ་དྲག་ཏུ་གཏོང་བ་དང་། “ཡིད་རྟོན་བཞི”ཇེ་བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ལེགས་པར་སྒྲུབ་པ་བཅས་བྱས་ནས། ཚན་རྩལ་བྱ་གཞག་སྐོར་གྱི་ཏང་ཀྲུང་དབྱང་གི་བཀོད་སྒྲིག་ཁག་དོན་འཁྱོལ་བྱེད་པར་ནུས་ཤུགས་ཡོད་རྒུས་དམ་འཛིན་ཡག་པོ་བྱས་ཏེ། ཆུ་ཚད་མཐོ་བའི་ཚན་རྩལ་གྱི་རང་ཚུགས་རང་སྟོབས་ལ་སྐུལ་འདེད་མགྱོགས་མྱུར་གཏོང་དགོས།
ཏིང་ཞུའེ་ཞང་གིས་ནན་གྱིས་བསྟན་དོན། རྨང་གཞིའི་ཞིབ་འཇུག་ལ་ཤུགས་སྣོན་བརྒྱབ་ནས་ཚན་རྩལ་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་གྱི་རྨང་གཞི་བརྟན་པོ་འདིང་བ་དང་། གསར་གཏོད་རང་བཞིན་དང་རྟིང་སློག་རང་བཞིན་གྱི་ཚན་རྩལ་གྲུབ་འབྲས་གལ་ཆེན་རྒྱུན་མཐུད་ངང་ཐོན་པར་བྱ་དགོས། རྒྱལ་ཡོངས་ཀྱི་སྒྲིག་སྲོལ་གསར་པར་བརྟེན་ནས་ཆུ་ཚད་མཐོ་བའི་ཚན་རྩལ་རང་ཚུགས་རང་སྟོབས་ཡོང་བར་འགན་སྲུང་བྱ་དགོས་ལ། “ཁྱོན་ཡོངས་བཞི”ཡི་འཐབ་ཇུས་ཀྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱེད་པ་དང་། འགག་རྩའི་ལྟེ་བའི་ལག་རྩལ་གྱི་འགག་སྒྲོལ་དམག་འཐབ་ཡག་པོ་རྒྱག་དགོས། མཉམ་འདྲེས་འཕེལ་རྒྱས་ལ་བརྟེན་ནས་ཚན་རྩལ་གསར་གཏོད་ཀྱི་གསོན་ཤུགས་དང་སྒུལ་ཤུགས་ཆེ་རུ་གཏོང་དགོས་པ་དང་། ཚན་རྩལ་གསར་གཏོད་ཀྱི་མཁོ་སྤྲོད་དང་ཐོན་ལས་ཀྱི་དགོས་མཁོའི་སྣེ་ཁྲིད་མངོན་གསལ་དོད་པོ་ཡོང་བ་བྱས་ནས་སློབ་གསོའི་ཚན་རྩལ་ཤེས་ལྡན་མི་སྣ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས་ལ། མི་ཐབས་རིག་ནུས་ལ་བརྟེན་ནས་ཚན་རིག་ཞིབ་འཇུག་ལ་ནུས་པ་སྩོལ་བ་དང་ཚན་རིག་ཞིབ་འཇུག་གི་དཔེ་མཚོན་རང་བཞིན་གྱི་འཕོ་འགྱུར་ལ་སྣེ་ཁྲིད་དེ་ཚན་རིག་གསར་རྙེད་དང་ལག་རྩལ་འགག་སྒྲོལ་ཇེ་མགྱོགས་སུ་གཏོང་དགོས།
ཏིང་ཞུའེ་ཞང་གིས་བསྟན་དོན། ཏང་ཀྲུང་དབྱང་གིས་ཡོན་ཧྲིའི་དཔུང་སྡེ་འཛུགས་སྐྲུན་ལ་ཚད་མཐོའི་མཐོང་ཆེན་གནང་བ་དང་། ཀྲུང་གོ་ཚན་རིག་གླིང་དང་ཀྲུང་གོ་བཟོ་སྐྲུན་གླིང་གཉིས་ཀྱི་ཡོན་ཧྲིར་མི་དམངས་མང་ཚོགས་ཀྱི་སེམས་སུ་བླ་ན་མེད་པའི་གོང་བཀུར་ཐོབ་ཡོད། ཡོན་ཧྲིའི་ལམ་ལུགས་སྔར་ལས་འཐུས་ཚང་དུ་གཏོང་བ་དང་། ཡོན་ཧྲི་འདེམས་སྒྲུག་གི་སྤུས་ཚད་ཇེ་མཐོར་གཏོང་དགོས་ལ། ཡོན་ཧྲིར་ཞབས་ཞུ་དང་དོ་དམ་ཡག་པོ་བྱས་ནས་ཡོན་ཧྲིའི་ནུས་པ་དེ་བས་ལེགས་པའི་སྒོ་ནས་འདོན་སྤེལ་བྱེད་དགོས། ཀྲུང་གོ་ཚན་རིག་གླིང་དང་ཀྲུང་གོ་བཟོ་སྐྲུན་གླིང་གཉིས་ཀྱི་ཡོན་ཧྲི་རྣམ་པས་སྣེ་ཁྲིད་དེ་ཚན་རིག་པའི་སྙིང་སྟོབས་དར་སྤེལ་དང་། བློ་རྩེ་གཅིག་སྒྲིམ་གྱིས་ཚན་ཞིབ་ཀྱི་དཀའ་གནད་སེལ་ནས། ཏང་དང་མི་དམངས་ཀྱི་མངག་བཅོལ་གལ་ཆེན་སྟོང་ཟད་དུ་མི་གཏོང་བར་བྱེད་དགོས།
ཚོགས་འདུའི་སྟེང་ཏིང་ཞུའེ་ཞང་སོགས་ཀྱིས་ཁྲེན་ཅ་ཀིན་གྱི་ཚན་རིག་བྱ་དགའ་དང་གཞོན་ནུའི་ཚན་རིག་བྱ་དགའ། ཀོང་ཧྭ་བཟོ་སྐྲུན་ཚན་རྩལ་བྱ་དགའ་ཐོབ་མཁན་གྱི་འཐུས་མིར་བྱ་དགའ་གནང་།
ཏིང་ཀྲུང་ལི་དང་། ཝུའུ་ཝེ་ཧྭ། ཝང་ཀྲི་ཀྲེན་བཅས་ཚོགས་འདུར་ཞུགས།