
ཟླ7པའི་ཚེས11ཉིན། 《ལོ་རྒྱུས་ཀྱིས་གཅིག་མཐུན་ཚོགས་པ་བསྐྲུན། རིག་དངོས་དང་ཚད་ལྡན་ཡིག་ཆའི་ཐོག་ནས་མཚོ་སྔོན་གྱི་མི་རིགས་སོ་སོ་ཀྲུང་ཧྭའི་ཁོངས་སུ་མཉམ་འདུས་བྱས་པའི་ལོ་རྒྱུས་གླེང་བ》ཞེས་པའི་དཔེ་སྐྲུན་འགྲེམ་སྤེལ་བཞུགས་མོལ་ཚོགས་འདུ་པེ་ཅིང་དུ་འཚོགས། རྒྱལ་ཡོངས་སྲིད་གྲོས་ཀྱི་རྒྱུན་ཨུ། ཞིང་ལས་དང་ཞིང་སྡེ་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཝང་ཅན་ཅུན་བཞུགས་མོལ་ཚོགས་འདུར་ཞུགས་པ་དང་། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་མགོན་པོ་བཀྲ་ཤིས་དང་། ཀྲུང་གོ་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་ཏང་ཙུའུ་ཧྲུའུ་ཅི་ཀྲང་ཆི་ཡིས་སོ་སོར་ཤིས་ཚིག་ཕུལ། ཀྲུང་དབྱང་ཏང་གི་ལོ་རྒྱུས་དང་ཚད་ལྡན་ཡིག་ཆ་ཞིབ་འཇུག་ཁང་གི་གླིང་གཙོ་གཞོན་པ་ཝང་ཆོན་ཁྲོན་ཚོགས་འདུར་ཞུགས།
ཚོགས་ཐོག་ནས་ཚོགས་ཞུགས་འགོ་ཁྲིད་ཀྱིས་མཉམ་དུ་དཔེ་དེབ་གསར་པ་ཕྱེ་བ་དང་འབྲེལ་ཏེ། དཔེ་མཛོད་ཁང་དང་ཀློག་པ་པོའི་འཐུས་མིར་དཔེ་དེབ་ཕུལ་བ་དང་། ཆེད་མཁས་པ་དང་མཁས་དབང་ཚོས་དཔེ་ཚོགས་རྩོམ་སྒྲིག་གི་བརྒྱུད་རིམ་གོ་རིམ་ལྡན་པའི་ངང་ནས་ངོ་སྤྲོད་བྱས་པར་མ་ཟད། རིག་གཞུང་གི་རིན་ཐང་དང་ལག་ལེན་གྱི་དོན་སྙིང་། རྒྱུན་མཐུད་ཞིབ་འཇུག་བཅས་ལ་དམིགས་ནས་བགྲོ་གླེང་སྤེལ་རེས་ཀྱང་བྱས། ཚང་མས་དཔེ་ཚོགས་དེས་རིག་དངོས་དང་བདེན་དཔང་དངོས་ལ་བརྟེན་ནས་མཚོ་སྔོན་གྱི་མི་རིགས་སོ་སོ་ཀྲུང་ཧྭའི་ཁྱིམ་ཚང་ཆེན་པོའི་ནང་ཞུགས་པའི་ལོ་རྒྱུས་ཀྱི་བརྒྱུད་རིམ་ཆ་ཚང་སླར་གསོ་བྱས་པ་དེས། ཀྲུང་ཧྭ་མི་རིགས་ཐུན་མོང་ཚོགས་པའི་བསམ་པའི་ཁྱིམ་གཞིས་སྐྲུན་པ་དང་། ཀྲུང་ཧྭའི་རིག་གནས་ཀྱི་ངོས་འཛིན་གཅིག་མཐུན་སྔར་ལས་ཇེ་ཟབ་ཏུ་གཏོང་བ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཇེ་བརྟན་དུ་གཏོང་བ་བཅས་ཀྱི་ཐད་དངོས་ཡོད་ཀྱི་དོན་སྙིང་གལ་ཆེན་ལྡན་པར་མ་ཟད། རྒྱལ་ཡོངས་ཀྱི་མི་རིགས་ས་ཁུལ་གྱིས་ཕན་ཚུན་བར་འགྲོ་འོང་སྤེལ་རེས་དང་མཉམ་འདྲེས་ཀྱི་ལོ་རྒྱུས་ལེགས་སྒྲིག་བྱ་རྒྱུར་མ་དཔེ་མཁོ་འདོན་བྱས་ཡོད་པའི་ངོས་འཛིན་བྱས།
མགོན་པོ་བཀྲ་ཤིས་ཀྱིས་བསྟན་དོན། དཔེ་ཚོགས་དཔེ་སྐྲུན་འགྲེམ་སྤེལ་བྱས་པ་དེ་ནི་མི་རིགས་ལས་དོན་ལ་ཤུགས་སྣོན་དང་ལེགས་བཅོས་གཏོང་དགོས་པའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་པ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་འཛུགས་སྐྲུན་ལ་སྐུལ་འདེད་བཏང་བའི་གྲུབ་འབྲས་གལ་ཆེན་ཞིག་ཡིན་པར་བརྟེན། སྐབས་རིམ་བྱུང་གི་ཞིང་ཆེན་ཏང་ཨུས་མི་རིགས་ཞིབ་འཇུག་ལས་དོན་ལ་དོ་ཁུར་དང་མཐོང་ཆེན་དང་ཚན་རིག་དང་མཐུན་པའི་མཛུབ་སྟོན་བྱས་པ་དང་ཁ་འབྲལ་ཐབས་རྩ་བ་ནས་མེད། དོན་འགྲུབ་དབང་འབུམ་དང་ཧའོ་ཧྲི་ཡོན་སོགས་ཆེད་མཁས་པ་དང་མཁས་དབང་དང་། མཚོ་སྔོན་ཞིང་ཆེན་སྤྱི་ཚོགས་ཚན་རིག་གླིང་། ཀྲུང་གོ་བོད་རིག་པ་དཔེ་སྐྲུན་ཁང་སོགས་རིག་གཞུང་ཚོགས་པ་དང་དཔེ་སྐྲུན་སྒྲིག་གཞིའི་བློ་གྲོས་དང་སྟོབས་ཤུགས་མཉམ་འདུས་བྱས་ཡོད་པས། མཚོ་སྔོན་གྱིས་མ་ལག་རང་བཞིན་གྱི་སྒོ་ནས་རང་ས་གནས་ཀྱི་མི་རིགས་སོ་སོའི་གཅིག་མཐུན་ཚོགས་པའི་ལོ་རྒྱུས་གསེད་བཀྲོལ་བྱེད་པ་དང་། རིགས་པའི་གཞུང་ལུགས་འགྲེལ་བཤད་དང་བརྒྱུད་སྒྲོག་བྱེད་པའི་སྟོང་ཆ་བསྐངས་ཡོད། དཔེ་ཚོགས་དེས་རྒྱ་ཆེའི་འགོ་ཁྲིད་ལས་བྱེད་པ་དང་མང་ཚོགས། རིག་གཞུང་ལས་རིགས་ཀྱི་ལས་གྲོགས་ཚོར་ལོ་རྒྱུས་ཀྱི་བློ་སྒོ་འབྱེད་པ་དང་། རིགས་པའི་གཞུང་ལུགས་ཀྱི་འཚོ་བཅུད། ལག་ལེན་གྱི་མཛུབ་སྟོན་བཅས་བྱས་ནས། སྤྱི་ཚོགས་ཡོངས་ཀྱིས་ཀྲུང་ཧྭ་མི་རིགས་ཀྱི་སྣ་མང་གཞི་གཅིག་གི་ལོ་རྒྱུས་ཀྱི་གོ་རིམ་སྔར་ལས་ཁོང་དུ་ཆུད་པར་རོགས་རམ་བྱེད་པ་དང་། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་སྤེལ་གཏོང་བའི་བཅའ་ཁྲིམས》ཁྱོན་ཡོངས་ནས་ལག་བསྟར་བྱས་ཏེ། ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་ཚོགས་པའི་འདུ་ཤེས་སྔར་ལས་ཇེ་བརྟན་དུ་གཏོང་བའི་བསམ་པའི་སྒྲིལ་ཤུགས་སྟོབས་ཆེན་རྒྱུན་མཐུད་ངང་གཅིག་ཏུ་སྒྲིལ་ཐུབ་པར་རེ་ལྟོས་བྱེད་ཀྱིན་ཡོད།
ཀྲང་ཆི་ཡིས་དཔེ་ཚོགས་ཀྱིས་ལོ་རྒྱུས་ཐོན་ཁུངས་སྔར་ལས་ཇེ་འཛོམས་སུ་བཏང་བ་དང་། རིག་ཚན་ལས་བརྒལ་བའི་མཉམ་འདྲེས་ཀྱིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་ཐབས་ལམ་འཚོལ་ཞིབ་དང་ཞིབ་འཇུག་བྱས་ནས། “རིག་དངོས་ཀྱིས་ལོ་རྒྱུས་ར་སྤྲོད་དང་ལོ་རྒྱུས་ལ་བརྟེན་ནས་བླ་སྲོག་བསྐྲུན་པའི”ཞིབ་འཇུག་གི་རང་མདངས་མངོན་པར་གྲུབ་ཡོད། ཀྲུང་གོ་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱིས་མཉམ་འབྲེལ་ཞིབ་འཇུག་མུ་མཐུད་ཟབ་སྤེལ་བྱས་ནས། ཞིབ་འཇུག་བྱ་གཞི་གལ་ཆེན་གྱི་འགག་སྒྲོལ་ལ་སྐུལ་འདེད་བཏང་ནས་གྲུབ་འབྲས་ཁྱབ་གདལ་དང་ཕྱི་ཕྱོགས་སུ་སྒྲོག་སྤེལ་ཡག་པོ་བྱས་ཏེ། དུས་རབས་གསར་པའི་ཀྲུང་གོའི་བོད་རིག་པ་ཡི་རིག་གཞུང་གི་གཏམ་བཤད་དབང་ཆ་དང་རྒྱལ་སྤྱིའི་ཐོག་སྒྲོག་སྤེལ་བྱེད་ནུས་ཟམ་མི་ཆད་པར་ཇེ་མཐོར་གཏོང་དགོས།
ཚོགས་འདུ་གྲོལ་རྗེས་འགོ་ཁྲིད་སྐུ་མགྲོན་གྱིས་མཉམ་དུ།《ལོ་རྒྱུས་ཀྱིས་གཅིག་མཐུན་ཚོགས་པ་བསྐྲུན། བོད་ལྗོངས་ས་གནས་དང་མེས་རྒྱལ་བར་གྱི་འབྲེལ་བའི་ལོ་རྒྱུས་ཆེད་དོན་འགྲེམ་སྟོན》ལ་ལྟ་སྐོར་བྱས།
རྒྱལ་ཁབ་ཀྱི་འབྲེལ་ཡོད་པུའུ་དང་ཨུ་ཡོན་ལྷན་ཁང་། མཚོ་སྔོན་ཞིང་ཆེན་གྱི་འབྲེལ་ཡོད་སྡེ་ཁག་གི་འབྲེལ་ཡོད་འགན་ཁུར་བློ་མཐུན། ཆེད་མཁས་པ་དང་མཁས་དབང་། དེ་བཞིན་འབྲེལ་ཡོད་ཚན་རིག་ཞིབ་འཇུག་གླིང་དང་མཐོ་རིམ་སློབ་གྲྭ དཔེ་སྐྲུན་སྒྲིག་གཞི། གསར་འགྱུར་སྨྱན་སྦྱོར་བཅས་ཀྱི་འཐུས་མི་ཚོགས་འདུར་ཞུགས།
བན་དེ་སྐྱབས་ཀྱིས་བསྒྱུར།