
ཟླ7པའི་ཚེས7ཉིན་ནས་ཚེས8ཉིན་བར་དུ། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁྲིམས་བསྟར་ཞིབ་བཤེར་ཚན་ཆུང་གིས་ཟི་ལིང་གྲོང་ཁྱེར་དུ།《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོབ་བཅའ་ཁྲིམས》དང《མཚོ་སྔོན་ཞིང་ཆེན་གྱི་རྒྱལ་ཁབ་སྐྱེ་ཁམས་དཔལ་ཡོན་མཐོ་ས་འཛུགས་སྐྲུན་སྲོལ་ཡིག》ལ་ཁྲིམས་བསྟར་ཞིབ་བཤེར་བྱས།
ཞིབ་བཤེར་ཚན་ཆུང་གིས་སྔ་རྗེས་སུ་ཁྲ་ཧན་གཙང་པོའི་རྒྱལ་ཁབ་ནགས་ཚལ་སྤྱི་གླིང་དང་། མཚོ་སྔོན་ཞིང་ཆེན་ནོར་གནག་གསོ་སྤེལ་ཁྱབ་གདལ་ཞབས་ཞུ་ལྟེ་གནས། དེ་བཞིན་ལྷོ་གཞོངས་བཟོ་ལས་གླིང་ཁུལ་གྱི་ཁེ་ལས་ཁག་ཅིག་བཅས་སུ་ཡུལ་དངོས་ཞིབ་བཤེར་བྱས་ཏེ། ཟི་ལིང་གྲོང་ཁྱེར་གྱི་སྐྱེ་ཁམས་གཞི་རྩ་དང་སྐྱེ་དངོས་སྣ་མང་རང་བཞིན། ཆུའི་ཐོན་ཁུངས་སྲུང་སྐྱོབ། དེ་བཞིན་མདོ་དབུས་མཐོ་སྒང་གི་སྐྱེ་དངོས་སོན་རྒྱུ་ཐོན་ཁུངས་སྲུང་སྐྱོབ། ལྗང་མདོག་ཐོན་ལས་འཕེལ་རྒྱས་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་བྱས་པར་མ་ཟད། བཞུགས་མོལ་ཚོགས་འདུ་བསྡུས་ཏེ་བྱ་བའི་གནས་ཚུལ་སྙན་ཞུར་ཉན་པ་དང་། བསམ་འཆར་དང་གྲོས་འགོ་བསྡུ་ལེན་བྱས།
ཞིབ་བཤེར་ཚན་ཆུང་གིས་བསྟན་དོན། ཁྲིམས་བསྟར་ཞིབ་བཤེར་གྱི་ངོ་བོ་ནི“བཅའ་ཁྲིམས་སྐོར་ཞིབ”ཡིན་པས། ཕན་འབྲས་ལ་བལྟ་དགོས་ལ་གནད་དོན་དེ་བས་ཀྱང་འཚོལ་དགོས་པ་དང་། ལས་དོན་དོན་འཁྱོལ་ཡོང་བར་ཞིབ་བཤེར་བྱེད་དགོས་པར་མ་ཟད། ཁྲིམས་བཀོད་འགན་འཁྲི་དོན་ཐོག་ཏུ་འཁྱོལ་ཡོད་མེད་ལ་དེ་བས་ཀྱང་བལྟ་དགོས། ཞིབ་བཤེར་ཚན་ཆུང་གིས་ནན་གྱིས་བསྟན་དོན། ཐོག་མཐའ་བར་གསུམ་དུ“རྒྱལ་དོན་གྱི་ཆེ་ཕྱོགས”སེམས་ལ་བཅངས་ནས། “བཅའ་ཁྲིམས་གཅིག་དང་སྲོལ་ཡིག་གཅིག”ལག་བསྟར་ནུས་ལྡན་བྱ་རྒྱུར་མུ་མཐུད་སྐུལ་འདེད་གཏོང་བ་དང་། རྒྱུན་རྣམ་ཅན་གྱི་སྒོ་ནས་སྐྱེ་ཁམས་ཁྲིམས་སྐྱོང་དྲིལ་སྒྲོག་བྱེད་པ། མ་ལག་ཚང་བའི་ཁྲིམས་སྲོལ་དང་སྲིད་ཇུས་མགྱོགས་མྱུར་ངང་གཏན་འབེབས་བྱེད་པ། ཁྱོན་ཡོངས་ནས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་ཞིང་ཆེན་ཏང་ཨུའི་བྱ་བའི་བླང་བྱ་དོན་འཁྱོལ་བྱེད་དགོས།
བན་དེ་སྐྱབས་ཀྱིས་བསྒྱུར།