
ཟླ7པའི་ཚེས14ཉིན། ཀྲུང་གོ·མཚོ་སྔོན་ལྗང་མདོག་འཕེལ་རྒྱས་དངུལ་གཏོང་ཉོ་ཚོང་ཚོང་གཏམ་ཚོགས་འདུ་སྐབས27པའི་ཧྥུའུ་ཅན་སྐུ་མགྲོན་གཙོ་བོའི་ཞིང་ཆེན་འགྲེམས་སྟོན་ཁང་གི་སྒོ་འབྱེད་མཛད་སྒོ་མཚོ་སྔོན་རྒྱལ་སྤྱིའི་འགྲེམས་ཚོགས་ལྟེ་གནས་སུ་བསྡུས། ཧྥུའུ་ཅན་ཞིང་ཆེན་སྲིད་གཞུང་གི་ཧྲིན་ཀྲང་གཞོན་པ་ཝང་ཅིན་ཧྥུའུ་དང་། མཚོ་སྔོན་ཞིང་ཆེན་སྲིད་གཞུང་གི་ཧྲིན་ཀྲང་གཞོན་པ་ལིའུ་ཐའོ་ཡིས་མཉམ་དུ་འགྲེམས་སྟོན་ཁང་གི་སྒོ་ཕྱེས།
སྐབས་འདིའི་མཚོ་སྔོན་ཚོང་གཏམ་གྲོས་ཚོགས་ཀྱི་ཧྥུའུ་ཅན་འགྲེམས་སྟོན་ཁང་གིས། “སྐྱེ་ཁམས་ཧྥུའུ་ཅན་གྱི་ལྗང་མདོག་འཕེལ་རྒྱས”བརྗོད་དོན་དུ་བཟུང་ནས། འགྲེམས་སྟོན་རྒྱ་ཁྱོན་གྱིས་སྨི་ངོས་སྙོམས་གྲུ་བཞི་མ500ཟིན་པ་དང་། ལྗང་མདོག་ཐོན་སྐྱེད་དང་ལྷད་མེད་འཚོ་བ། ལྷད་མེད་ཉོ་ཚོང་སོགས་འགྲེམས་སྟོན་ཁུལ་བཙུགས་ཏེ། ཧྥུའུ་ཅན་གྱི་ཁྱད་སྟོབས་ལྡན་པའི་ཁེ་ལས50འགྲེམས་སྟོན་ནང་ཞུགས་རྒྱུར་ལེགས་འདེམས་བྱས་པ་དེས། ནུས་ཁུངས་གསར་པ་དང་དམའ་སའི་དཔལ་འབྱོར། རིག་ནུས་བཟོ་སྐྲུན། ལྗང་མདོག་དངུལ་རྩ། རིག་གནས་ཡུལ་སྐོར་རིག་གནས་གསར་གཏོད། རྒྱ་མཚོའི་ཉ་ལས། སྨྱུག་ཇའི་ཐོན་ལས་སོགས་ཁྱབ་ཁོངས་ཡོངས་ཁེབས་པར་བྱས་ཏེ། ཧྥུའུ་ཅན་གྱིས་སྐྱེ་ཁམས་སྔོན་ལ་འཛིན་པ་དང་ལྗང་མདོག་འཕེལ་རྒྱས་རྒྱུན་འཁྱོངས་བྱས་པ་ལས་བྱུང་བའི་ཕན་འབྲས་གསར་པ་དང་འཕེལ་རིམ་གསར་པ་སྒོ་ཀུན་ནས་བསྟན། འགྲེམས་སྟོན་ཁང་དུ་ཉིང་ཏེ་དུས་རབས་དང་ཡུན་ཧྲེང་ཧའེ་སི་ཚན་རྩལ། ཀྲང་ཀྲོའུ་ཕེན་ཙེ་ཧོང་སོགས་རུ་འདྲེན་ཁེ་ལས་ཀྱི་ལྟེ་བའི་ཐོན་རྫས་གཅིག་སྡུད་སྒོས་འགྲེམས་སྟོན་བྱས་པ་དང་། གློག་སྒྲོན་བཟོ་གྲྭ་དང་བཟོ་ལས་ཀྱི་མི་མེད་གནམ་གྲུ། མཚོ་ཐོག་རླུང་གློག “ཨན་-ཆིང་”ནུས་ཁུངས་ཐོན་སྐྱེད། མི་དབྱིབས་འཕྲུལ་མི། ཁོར་ཡུག་སྲུང་སྐྱོབ་ཀྱི་རིམ་སྤེལ་ཐོན་རྫས། ཧྥུའུ་ཅན་རྣམ་པའི་འཚོ་བ། རྒྱ་མཚོའི་ཉ་ལས་ཐོན་རྫས། སྨྱུག་ཇའི་ཁྱད་ཆོས་སོགས་སྣ་མང་གྲུབ་འབྲས་སྒོ་ཀུན་ནས་མངོན་པར་བྱས་ནས། རྒྱལ་ཡོངས་ཀྱི་སྔོན་ཐོན་ལྗང་མདོག་དངུལ་རྩའི་གསར་གཏོད་གྲུབ་འབྲས་དུས་གཅིག་ཏུ་བསྟན་པ་དང་། ཧྥུའུ་ཅན་གྱི་སྐྱེ་ཁམས་ལེགས་ཆ་དང་ཐོན་ལས་ཀྱི་འགྲན་རྩོད་ནུས་པ་འབུར་དུ་ཐོན་པར་བྱས།
ཧྥུའུ་ཅན་འཐུས་ཚབ་ཚོགས་པའི་འབྲེལ་ཡོད་འགན་ཁུར་པས་འདོད་དོན། མཉམ་ལས་ཀྱི་སྟེགས་བུ་གལ་ཆེན་ཡིན་པའི་མཚོ་སྔོན་ཚོང་གཏམ་གྲོས་ཚོགས་འདི་བརྒྱུད་དེ། ཕན་ཚུན་འབྲེལ་མཐུད་དང་མཉམ་འདྲེས། གཉིས་ཕན་གཉིས་རྒྱལ་བཅས་ཀྱི་མཉམ་ལས་ཟམ་པ་ནུས་ཤུགས་ཡོད་རྒུས་བསྐྲུན་པ་དང་། རྒྱུན་རྣམ་ཅན་གྱི་སྤེལ་རེས་མཉམ་ལས་ལམ་སྲོལ་རྒྱུན་ཆད་མེད་པར་འཐུས་ཚང་དུ་བཏང་སྟེ། རི་བོ་དང་རྒྱ་མཚོའི་བར་ཐག་མུ་མཐུད་ཇེ་ཉེར་གཏོང་བ་དང་མཉམ་ལས་ཀྱི་རྨང་གཞི་བརྟན་པོ་བཏིངས་སྟེ། ལག་གདང་སྦྲེལ་ནས་ཕྱོགས་གཉིས་མདུན་སྐྱོད་དང་མཐུན་སྦྱོར་མཉམ་སྐྱོད་ཀྱི་འཕེལ་རྒྱས་ཀྱི་ལེའུ་གསར་པ་རྩོམ་རྒྱུའི་རེ་བ་ཡོད་ཟེར།
བན་དེ་སྐྱབས་ཀྱིས་བསྒྱུར།