ཧྲན་ཏུང་གི་སྐུ་མགྲོན་གཙོ་བོའི་ཞིང་ཆེན་འགྲེམས་ཁང་གི་སྒོ་འབྱེད་མཛད་སྒོ་མཚོ་སྔོན་དུ་བསྡུས།
ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས།

ཟླ7པའི་ཚེས14ཉིན་གྱི་ཕྱི་དྲོར། ཀྲུང་གོ·མཚོ་སྔོན་ལྗང་མདོག་འཕེལ་རྒྱས་དངུལ་གཏོང་ཉོ་ཚོང་ཚོང་གཏམ་གྲོས་ཚོགས་སྐབས27པའི། ཧྲན་ཏུང་སྐུ་མགྲོན་གཙོ་བོའི་ཞིང་ཆེན་འགྲེམས་སྟོན་ཁང་གི་སྒོ་འབྱེད་མཛད་སྒོ་མཚོ་སྔོན་རྒྱལ་སྤྱིའི་འགྲེམས་ཚོགས་ལྟེ་གནས་སུ་བསྡུས། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྒྱུན་ལས་ཧྲིན་ཀྲང་གཞོན་པ་ཀྲང་ཅིན་ཀང་དང་། ཧྲན་ཏུང་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། ཏང་ཙུའུ་ཧྲུའུ་ཅི་གཞོན་པ་ཀྲང་ཤིན་ཝུན་འགྲེམས་སྟོན་ཁང་གི་སྒོ་འབྱེད་མཛད་སྒོར་ཞུགས་ཏེ། ཤིས་ཚིག་ཕུལ་རྗེས། མཉམ་དུ་ཧྲན་ཏུང་འགྲེམས་སྟོན་ཁང་གི་སྒོ་ཕྱེས།

འགྲེམས་སྟོན་ཁང་གི་སྒོ་འབྱེད་མཛད་སྒོ་གྲོལ་རྗེས། ཚོགས་ཞུགས་འགོ་ཁྲིད་དང་སྐུ་མགྲོན་ཚོས་ཧྲན་ཏུང་འགྲེམས་སྟོན་ཁང་ལ་མཉམ་དུ་ལྟ་སྐོར་བྱས། འགྲེམས་སྟོན་ཁང་གིས“ཧྲན་ཏུང་དང་མཚོ་སྔོན་སེམས་མཐུན་དང་། རི་བོ་དང་རྒྱ་མཚོ་མཉམ་དར། ལྗང་མདོག་ནུས་སྤྲོད། ཐོན་སྐྱེད་ཀྱིས་འབྱུང་འགྱུར་སྐྲུན་པ”བཅས་བརྗོད་དོན་གཙོ་བོར་བྱས་ཤིང་། སྤྱིའི་རྒྱ་ཁྱོན་ལ་སྨི་ངོས་སྙོམས་གྲུ་བཞི་མ500ཡོད་པ་དང་། དུས་རབས་གསར་པའི་ཆ་འཕྲིན་ལག་རྩལ་དང་ནུས་ཁུངས་གསར་པ། སྨན་བཅོས་བདེ་ཐང་། དམའ་སའི་དཔལ་འབྱོར། སྒྲིག་ཆས་བཟོ་སྐྲུན། རིག་གནས་ཡུལ་སྐོར། མཚོ་སྔོན་ལ་རོགས་སྐྱོར་བྱས་པའི་གྲུབ་འབྲས་བཅས་འགྲེམས་ཁུལ་ཆེན་པོ་བདུན་ལ་དགར་ཡོད་ཅིང་། ལང་ཁྲའོ་སྡེ་ཚོགས་དང་ནུས་ཁུངས་སྡེ་ཚོགས། ཧའེ་ཨེར་སྡེ་ཚོགས། ཝུའེ་ཀའོ་སྡེ་ཚོགས་སོགས་ཧྲན་ཏུང་གི་ཕུལ་བྱུང་ཁེ་ལས་སྐོར་ཞིག་འགྲེམས་སྟོན་དུ་ཞུགས་ཡོད། པར་རིས་དང་ཡི་གེའི་འགྲེམས་པང་དང་། དངོས་པོ་འགྲེམས་སྟོན། བརྙན་ལམ་ངོ་སྤྲོད་སོགས་རྣམ་པ་སྣ་ཚོགས་བརྒྱུད་དེ། ཧྲན་ཏུང་གི་ལྗང་མདོག་ཐཱན་ཉུང་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་གྲུབ་འབྲས་གསར་པ་དང་། དེང་རབས་ཐོན་ལས་མ་ལག་འཛུགས་སྐྱོང་གི་འཕེལ་རིམ་གསར་པ་གཅིག་སྡུད་སྒོས་འགྲེམས་སྟོན་བྱས་ནས། ཧྲན་ཏུང་གི་ལྗང་མདོག་འཕེལ་རྒྱས་དང་ས་ཁོངས་མཉམ་ལས་གཏིང་ཟབ་ཏུ་གཏོང་བའི་གཡུར་ཟའི་གྲུབ་འབྲས་དང་འབད་འཐབ་ཀྱི་རྣམ་འགྱུར་གསོན་ཉམས་ལྡན་པའི་ངང་ནས་མངོན་པར་བསྟན། དེའི་ནང་མཚོ་སྔོན་ལ་རོགས་སྐྱོར་བྱས་པའི་གྲུབ་འབྲས་འགྲེམས་ཁུལ་དུ། ཧྲན་ཏུང་གིས་མཚོ་སྔོན་ལ་རོགས་སྐྱོར་བྱས་པའི་ལས་བྱེད་པ་དོ་དམ་ཚན་ཆུང་གིས་འགྲོ་འོང་སྤེལ་རེས་མཉམ་འདྲེས་དང་ཐོན་ལས་མཉམ་ལས། རིག་གནས་སློབ་གསོ། ལས་བྱེད་པ་དང་འཇོན་མི། དམངས་འཚོ་ལེགས་བཅོས་སོགས་ཁྱབ་ཁོངས་ལ་དམ་པོར་དམིགས་པ་ལས་ཐོབ་པའི་གྲུབ་འབྲས་མངོན་གསལ་ཅན་གཙོ་གནད་དུ་བཟུང་ནས་བསྟན་པ་དང་། ཧྲན་ཏུང་དང་མཚོ་སྔོན་ཞིང་ཆེན་གཉིས་ཀྱི་བརྩེ་བ་ཟབ་མོ་ལྷག་ལུས་མེད་པར་མངོན་མཚོན་བྱས།

ཧྲན་ཏུང་དང་མཚོ་སྔོན་ཞིང་ཆེན་གཉིས་ཀྱི་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བ་དང་། ཧྲན་ཏུང་གིས་མཚོ་སྔོན་ལ་རོགས་སྐྱོར་བྱེད་ཀྱིན་པའི་ལས་བྱེད་པ་དོ་དམ་ཚན་ཆུང་གི་འཐུས་མི། ཁེ་ལས་ཀྱི་འཐུས་ཚབ་བཅས་འགྲེམས་སྟོན་ཁང་སྒོ་ཕྱེས་པའི་མཛད་སྒོར་ཞུགས།

བན་དེ་སྐྱབས་ཀྱིས་བསྒྱུར།