རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་ཞོའེ་ཁུ་ལེ་ཐིས་ཀྲ་ཁུ་ཨར་གྱིས་རྟོག་ཞིབ་ཚོགས་པ་ཁྲིད་དེ་མཚོ་སྔོན་དུ་ཡོང་ནས་ཆེད་དོན་རྟོག་ཞིབ་བྱས།
ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས།

ཟླ7པའི་ཚེས13ཉིན་ནས་ཚེས16ཉིན་བར།  རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་ཞོའེ་ཁུ་ལེ་ཐིས་ཀྲ་ཁུ་ཨར་གྱིས་རྟོག་ཞིབ་ཚོགས་པ་ཁྲིད་དེ་མཚོ་སྔོན་དུ་ཡོང་ནས་དུས་རབས་གསར་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་འཛུགས་བྱ་བ་དང་།  མི་རིགས་ས་ཁུལ་གྱི་ཤར་ནུབ་རྒྱུད་རོགས་ལས་དང་ཁ་གཏོད་རོགས་སྐྱོར་བྱ་བར་སྐུལ་འདེད་གཏོང་བ་སོགས་ཀྱི་གནས་ཚུལ་ལ་ཆེད་དོན་རྟོག་ཞིབ་བྱས།  རྟོག་ཞིབ་ཚན་ཆུང་ཟི་ལིང་གྲོང་ཁྱེར་དང་མཚོ་ཤར་གྲོང་ཁྱེར། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་བཅས་ཀྱི་ཞང་སྡེ་དང་སྡེ་ཁུལ། ཁེ་ལས། སློབ་གྲྭ། སྨན་ཁང་སོགས་སུ་ཟབ་ཞུགས་བྱས་ནས་གཞི་རིམ་ལས་བྱེད་མང་ཚོགས་དང་བསམ་བློ་བརྗེ་རེས་བྱས་པ་དང་།  མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་འཛུགས་དང་། ཅང་སུའུ་དང་མཚོ་སྔོན་གྱི་ རོགས་ལས་དང་དེ་བཞིན་མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱེད་པ་སོགས་བྱ་བར་ཞིབ་ཏུ་རྒྱུས་ལོན་བྱས་པར་མ་ཟད།  རྣམ་པ་སྣ་མང་བརྒྱུད་དེ་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་བཅའ་ཁྲིམས་དྲིལ་སྒྲོག་དང་འགྲེལ་ཀློག་བྱས།  རྟོག་ཞིབ་སྐབས་སུ་ཟི་ལིང་དུ་བཞུགས་མོལ་ཚོགས་འདུ་བསྡུས་ཏེ་འབྲེལ་ཡོད་བྱ་བའི་གནས་ཚུལ་ཐད་ཀྱི་སྙན་ཞུ་ལ་ཉན་པ་དང་། ཞོའེ་ཁུ་ལེ་ཐིས་ཀྲ་ཁུ་ཨར་གྱིས་གཏམ་བཤད། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཝུའུ་ཞའོ་ཅུན་གྱིས་འགོ་འཛིན་བྱས།   ཞོའེ་ཁུ་ལེ་ཐིས་ཀྲ་ཁུ་ཨར་གྱིས་མཚོ་སྔོན་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཐད་ནས་བླངས་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་བྱས།  ཁོས་བསྟན་དོན།   དུས་རབས་གསར་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་འཛུགས་བྱ་བ་ལེགས་པོར་བསྒྲུབ་དགོས་ན།  ངེས་པར་དུ་རྒྱུན་ཆད་མེད་པར་ཏང་གི་ཕྱོགས་ཡོངས་འགོ་ཁྲིད་ཇེ་དྲག་ཏུ་གཏོང་དགོས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་རིགས་བྱ་བར་ཤུགས་སྣོན་དང་ལེགས་བཅོས་བྱེད་པའི་སྐོར་གྱི་དགོངས་པ་གལ་ཆེན་ཆ་ཚང་ཞིང་ཡང་དག་པ་དང་ཕྱོགས་ཡོངས་ནས་ལག་བསྟར་བྱེད་དགོས་པར་མ་ཟད། ཏང་ཀྲུང་དབྱང་གི་མི་རིགས་བྱ་བའི་ཐད་ཀྱི་ཇུས་ཆོད་བཀོད་སྒྲིག་སྣ་ཚོགས་དོན་འཁྱོལ་ནན་མོ་བྱས་ཏེ་དུས་རབས་གསར་པའི་མི་རིགས་བྱ་བ་ཐོག་མཐའ་བར་གསུམ་དུ་ཏང་ཀྲུང་དབྱང་གིས་གསལ་སྟོན་གནང་བའི་ཁ་ཕྱོགས་བརྒྱུད་དེ་སྤེལ་བར་འགན་སྲུང་བྱེད་དགོས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་ཆགས་པར་བྱེད་པའི་གཙོ་ཐིག་ལ་དམ་དུ་དམིགས་པ་དང་།   བསམ་བློར་བརྟེན་ནས་བླ་སྲོག་བསྐྲུན་པ་དང་རིག་གནས་ལ་བརྟེན་ནས་མི་སྣ་ལེགས་སྐྱོང་བྱེད་པ། སེམས་ཤུགས་གཅིག་བསྡུས་བྱེད་པ། གསར་གཏོད་དངོས་གཉེར་གྱི་བྱེད་ཐབས་ལ་བརྟེན་ནས་མི་རིགས་མཐུན་སྒྲིལ་དྲིལ་སྒྲོག་སློབ་གསོ་ནུས་ལྡན་ངང་དོན་འཁྱོལ་བྱེད་པར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་འཛུགས་ཀྱི་བསམ་བློའི་རྨང་གཞི་བརྟན་པོར་ཆགས་པར་བྱེད་དགོས།  ཤར་ནུབ་རྒྱུད་རོགས་ལས་དང་དེ་བཞིན་ཁ་གཏད་རོགས་སྐྱོར་གྱི་ཆབ་སྲིད་རང་བཞིན་དང་འཐབ་ཇུས་རང་བཞིན། ཡུན་རིང་རང་བཞིན་བཅས་ལ་ཤེས་རྟོགས་ཟབ་མོ་བྱེད་དགོས་པ་དང་།   རོགས་ལས་རོགས་སྐྱོར་གྱིས་མི་རིགས་སོ་སོ་ཕན་ཚུན་འགྲོ་འོང་དང་བརྗེ་རེས། མཉམ་འདྲེས་བཅས་བྱེད་པ་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་གསར་འཛུགས་བྱ་བ་གཏིང་ཟབ་ཏུ་སྤེལ་བའི་ཁྲོད་ཐོན་པའི་བྱེད་ནུས་གལ་ཆེན་རྒྱུན་ཆད་མེད་པར་འདོན་སྤེལ་ལེགས་པོ་བྱེད་དགོས་ལ། ས་ཁོངས་བར་གྱི་འཕེལ་རྒྱས་བར་ཁྱད་རིམ་བཞིན་ཇེ་ཆུང་དུ་བཏང་ནས་མི་རིགས་སོ་སོ་མཉམ་དུ་ཐུན་མོང་ཕྱུག་འགྱུར་གྱི་ལམ་དུ་བསྐྱོད་པར་སྣེ་ཁྲིད་བྱེད་དགོས། མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་བཅའ་ཁྲིམས་ཀྱི་སློབ་སྦྱོང་དང་དྲིལ་སྒྲོག  ལག་བསྟར་བཅས་དམ་འཛིན་བྱེད་དགོས་པ་དང་། རིམ་པ་དང་རིགས་བགར་ནས་དམངས་ཡོངས་ཀྱི་ཁྲིམས་ལུགས་ཁྱབ་གདལ་དྲིལ་སྒྲོག་སློབ་གསོར་སྐུལ་འདེད་གཏོང་དགོས་པར་མ་ཟད། སྤྱི་ཚོགས་ཡོངས་སུ་ཁྲིམས་བརྩི་བ་དང་ཁྲིམས་སློབ་པ། ཁྲིམས་བསྲུང་བ། ཁྲིམས་སྤྱོད་པ། རང་རྟོགས་སྒོས་མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོང་བྱེད་པ་བཅས་ཀྱི་ཁྲིམས་སྐྱོང་གི་སྣང་ཚུལ་བཟང་བོ་བསྐྲུན་ནས་ཁྲིམས་ལྟར་དུས་རབས་གསར་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་ལས་དོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས།

ཝུའུ་ཞའོ་ཅུན་གྱིས་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་དུས་ཡུན་རིང་བོར་མཚོ་སྔོན་གྱི་དཔལ་འབྱོར་སྤྱི་ཚོགས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཐད་ཐུགས་ཁུར་རྒྱབ་སྐྱོར་བྱས་པར་བཀའ་དྲིན་ཞུས། ཁོས་བཤད་རྒྱུར།  མཚོ་སྔོན་གྱིས་ཐོག་མཐའ་བར་གསུམ་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་། མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་བཅས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་རྒྱུ་དེ་ཆབ་སྲིད་ཀྱི་དོན་ཆེན་དུ་བརྩིས་ནས་ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་ལས་བྱེད་མང་ཚོགས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ་དྲིན་ཤེས་པ་དང་བརྩེ་སེམས་ལྡན་པ། དངོས་སྒྲུབ་གཙོར་འཛིན་པ་བཅས་བྱས་ནས་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་ཐད་གོམས་སྟབས་བརྟན་པོ་སྤོ་དགོས། ལོ་ལྔའི་འཆར་འགོད་བཅོ་ལྔ་པར་ཁ་ཕྱོགས་ནས། རྒྱལ་ཡོངས་དང་མཉམ་དུ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་བྱེད་པའི་དམིགས་འབེན་ལ་དམིགས་ཏེ་ཤུགས་ཆེན་པོས་ཤར་ནུབ་རྒྱུད་རོགས་ལས་དང་ཁ་གཏད་རོགས་སྐྱོར་རིམ་སྤོར་བྱེད་པ་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་ལས་དོན་བརྟན་བགྲོད་རྒྱང་འཁྱོལ་བྱེད་པ། དམངས་ཆེན་བྱ་བའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་བཅས་ལ་སྐུལ་འདེད་བཏང་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་ལག་ལེན་གྱི་རྣམ་པ་གསར་པ་འབད་པས་བཏོད་ངེས་ཡིན། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་མཚོ་སྔོན་ལ་སྔར་ལས་ལྷག་པའི་མཛུབ་སྟོན་བྱས་ཏེ་ང་ཚོས་རྒྱལ་ཁབ་ཀྱི་འཐབ་ཇུས་བཀོད་སྒྲིག་སྔར་ལས་དོན་འཁྱོལ་ལེགས་པོ་བྱེད་པ་དང་རྒྱལ་ཁབ་འཕེལ་རྒྱས་ཀྱི་སྤྱི་ཡོངས་ལ་ཞབས་འདེགས་ཞུ་རྒྱུར་རོགས་འདེགས་བྱེད་རྒྱུའི་རེ་བ་བཅངས་ཡོད་ཟེར།

རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན། རྒྱལ་ཡོངས་དམངས་ཆེན་མི་རིགས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཨུ་ཡོན་གཞོན་པ་ཝང་ཀྲི་མེན་དང་། རྒྱལ་ཡོངས་དམངས་ཆེན་མི་རིགས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀུའུ་ཞང་པེན། རྒྱལ་ཡོངས་དམངས་ཆེན་གྱི་འཐུས་མི་ཏུའུ་ཝེ་ཏུང་དང་མཱ་ཧྲི་ཀུང་སོགས་རྟོག་ཞིབ་ཁྲོད་ཞུགས།

ཞིང་ཆེན་གྱི་འགོ་ཁྲིད་དབྱང་ཧྥེང་ཁྲུན་དང་ཀྲང་ཅིན་ཀང་། ཝུའུ་ལ་ཙི་པེ་ཁུ་རེ་སུའུ་ལི་ཧན། ཚའེ་ཁྲུན་ཡུང་བཅས་འབྲེལ་ཡོད་བྱེད་སྒོར་ཞུགས།

ལྷ་མོ་ཚེ་རིང་གིས་བསྒྱུར།