ལི་ཆང་གིས་ཁམ་ཕུ་ཁྲེའི་དབུ་བཞུགས་བློན་ཆེན་ཧུང་མཱ་ནེ་དང་གྲོས་མོལ་བྱས།
ཁུངས། ཞིན་ཧྭ་གསར་འགྱུར་ཁང་། ཀློག་གྲངས།

ཟླ7པའི་ཚེས16ཉིན་གྱི་སྔ་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོ་རུ་ཀྲུང་གོར་ཡོང་ནས2026ལོའི་འཛམ་གླིང་གི་མི་ཐབས་རིག་ནུས་ཚོགས་ཆེན་ལ་ཞུགས་པ་མ་ཟད་བྱ་བའི་འཚམས་འདྲི་བྱེད་མཁན་ཁམ་ཕུ་ཁྲེའི་དབུ་བཞུགས་བློན་ཆེན་ཧུང་མ་ནེ་དང་གྲོས་མོལ་བྱས།

ལི་ཆང་གིས་བསྟན་དོན།  ཀྲུང་གོ་དང་ཁམ་ཕུ་ཁྲེ་ནི་ཐུན་མོང་འཕེལ་རྒྱས་འགྲོ་བའི་གྲོགས་པོ་བཟང་པོ་ཡིན་པས། འགྱུར་བ་མེད་པའི་མཛའ་བརྩེ་ཟབ་མོ་ལྡན། ཅང་མ་འགོར་བའི་སྔོན་ལ་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་གོར་འཚམས་འདྲིར་ཕེབས་པའི་ཀྲུའུ་ཞི་ཧུང་སིན་དང་མཇལ་འཕྲད་གནང་ནས། ཐུན་མོང་གི་ངོས་འཛིན་གལ་ཆེན་རབ་དང་རིམ་པ་གྲུབ་ལ། ད་ཐེངས་སྐུ་ཞབས་དབུ་བཞུགས་བློན་ཆེན་དང་མཇལ་འཕྲད་གནང་ནས་འཐབ་ཇུས་འབྲེལ་བར་སྔར་བས་ཤུགས་སྣོན་རྒྱུ་རེད། ཀྲུང་གོ་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་ཁམ་ཕུ་ཁྲེའི་འབྲེལ་བ་དེ་མཐའ་འཁོར་ཕྱི་འབྲེལ་གྱི་དམིགས་བསལ་གོ་གནས་སུ་བཞག་ཡོད་པས། ཁམ་ཕུ་ཁྲེ་ཕྱོགས་ཀྱིས་བློ་བརྟན་འགྱུར་མེད་ངང་ཕན་ཚུན་རྒྱབ་སྐྱོར་དང་མཐུན་སྒྲིལ་དམ་ཟབ་བྱས་ཏེ། དུས་རབས་གསར་པའི་གནས་ཚུལ་འོག་ཀྲུང་གོ་དང་ཁམ་ཕུ་ཁྲེའི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་རྒྱུར་གྲུབ་འབྲས་སྔར་ལས་མང་པོ་ལེན་ཐུབ་པར་སྐུལ་འདེད་གཏོང་འདོད་ཡོད།

ལི་ཆང་གིས་བསྟན་དོན། ཀྲུང་གོ་ཕྱོགས་ཀྱིས་ཁམ་ཕུ་ཁྲེ་ཕྱོགས་དང་མཉམ་དུ“ཕ་ལམ་མཐའ་དྲུག”གི་མཉམ་ལས་དང་། “བཟོ་ལས་འཕེལ་རྒྱས་ཀྱི་བར་ཁྱམས།”“ཉ་འབྲས་ཀྱི་བར་ཁྱམས”འཛུགས་སྐྲུན་སོགས་གཏིང་ཟབ་དང་ཏན་ཏིག་བྱ་རྒྱུར་སྐུལ་འདེད་བཏང་སྟེ། རྨང་གཞིའི་སྒྲིག་བཀོད་དང་དཔལ་འབྱོར་ཉོ་ཚོང་། ནུས་ཁུངས་གསར་པ། མི་ཐབས་རིག་ནུས། གྲངས་འཛིན་དཔལ་འབྱོར་སོགས་ཀྱི་ཁྱབ་ཁོངས་ཀྱི་མཉམ་ལས་གཏིང་ཟབ་ཏུ་གཏོང་འདོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་སྟོབས་ཤུགས་ལྡན་པའི་ཀྲུང་གོའི་ཁེ་ལས་སྔར་ལས་མང་པོ་ཁམ་ཕུ་ཁྲེར་བསྐྱོད་དེ་དངུལ་གཏོང་བྱེད་པར་རྒྱབ་སྐྱོར་བྱ་རྒྱུ་ཡིན། ཕྱོགས་གཉིས་ཀྱིས་སློབ་གསོ་དང་རིག་གནས། སྨྱན་སྦྱོར་སོགས་མི་ཚུལ་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་བསྣན་ནས། རྒྱལ་དམངས་ཕན་ཚུན་རྒྱུས་མངའ་དང་མཛའ་མཐུན་ཡོང་བར་བྱེད་དགོས་ལ། དེ་དང་ཆབས་ཅིག་དྲ་ཐོག་རྒྱན་འཇོག་དང་གློག་འཕྲིན་མགོ་སྐོར་གྱི་ཉེས་གསོག་འབྱུང་རྩ་མེད་པར་བཟོས་ཏེ། རྒྱལ་ཁབ་གཉིས་ཀྱི་དམངས་ཚོགས་ཀྱི་བདེ་འཇགས་ལ་སྔར་ལས་འགན་སྲུང་ལེགས་པོ་བྱེད་དགོས། ད་ལོའི་ཚུན་དུ། རྒྱལ་སྤྱིའི་གནས་བབ་བརྟན་བརླིང་མིན་པ་དེས་འཛམ་གླིང་གི་དཔལ་འབྱོར་ལ་རྡུང་རྡེག་ཆེན་པོ་ཐེབས། ཀྲུང་གོ་དང་ཁམ་ཕུ་ཁྲེ་གཉིས་ཀྱིས་ལངས་ཕྱོགས་མཐུན་སྦྱོར་ལ་ཤུགས་བསྣན་ནས། རྒྱལ་ཁབ་གཉིས་ཀྱི་ཐུན་མོང་ཁེ་ཕན་ལ་སྲུང་སྐྱོང་བྱེད་དགོས་ལ། ལག་གདང་སྦྲེལ་ནས་ཕྱོགས་མང་ཉོ་ཚོང་སྒྲིག་སྲོལ་དང་རྒྱལ་སྤྱིའི་དྲང་གཞག་དྲང་བདེན་ལ་སྲུང་སྐྱོང་བྱེད་དགོས།

ཧུང་མཱ་ནེ་ཡིས་བསྟན་དོན། ཁམ་ཕུ་ཁྲེ་དང་ཀྲུང་གོར་སྲོལ་རྒྱུན་གྱི་མཛའ་བརྩེ་ཟབ་མོ་ལྡན་པས། ཀྲུང་གོ་ནི་ཁམ་ཕུ་ཁྲེ་ཡི་ཆེས་ཡིད་རྟོན་བྱས་ཆོག་པའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོ་དང་བློས་ཐུབ་ཀྱི་གྲོགས་པོ་ཡིན་པ་དང་། ཁམ་ཕུ་ཁྲེ་ཕྱོགས་ཀྱིས་བློ་བརྟན་འགྱུར་མེད་ཀྱིས་ཀྲུང་གོ་གཅིག་གི་རྩ་དོན་བརྩི་སྲུང་ནན་མོ་བྱས་ནས། ཀྲུང་གོ་ཕྱོགས་དང་མཉམ་དུ་མཐོ་རིམ་འགྲོ་འོང་ཇེ་ཟབ་ཏུ་བཏང་སྟེ། ཉོ་ཚོང་དང་། དངུལ་གཏོང་། རྨང་གཞིའི་འཛུགས་སྐྲུན། ནུས་ཁུངས་གསར་པ་དང་། ཕན་ཚུན་སྦྲེལ་མཐུད། མི་ཚུལ་སོགས་ཀྱི་ཁྱབ་ཁོངས་སུ་བརྗེ་རེས་དང་མཉམ་ལས་བྱེད་པར་སྐུལ་འདེད་བཏང་སྟེ། དྲ་ཐོག་རྒྱན་འཇོག་དང་གློག་འཕྲིན་མགོ་སྐོར་ལ་རྡུང་རྡེག་གཏོང་བའི་བདེ་འཇགས་ཁྲིམས་འཛིན་མཉམ་ལས་ལ་ཤུགས་སྣོན་དང་། ཕྱོགས་མང་མཐུན་སྦྱོར་གཏིང་ཟབ་ཏུ་སྤེལ་ནས་རྒྱལ་ཁབ་གཉིས་ཀྱི་དུས་རབས་གསར་པའི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་རྒྱུར་གྲུབ་འབྲས་སྔར་ལས་མང་པོ་ལེན་རྒྱུར་སྐུལ་འདེད་གཏོང་འདོད་ཡོད།

བུའུ་ཀྲིན་ལུང་གྲོས་མོལ་ལ་ཞུགས།

李强同柬埔寨首相会谈