ཞིང་ཆེན་ཏང་ཨུའི་གཞུང་ལུགས་སློབ་སྦྱོང་ལྟེ་གནས་ཚན་ཆུང་གི་སློབ་སྦྱོང་དང་སྲིད་འབྲས་ལྟ་བ་ཡང་དག་འཛུགས་པ་དང་ལག་བསྟར་བྱེད་པའི་སློབ་སྦྱོང་སློབ་གསོའི་ཆེད་དོན་ཞིབ་གྲོས་ཚོགས་འདུ་ཐེངས་གསུམ་པ་བསྡུས།
ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས།

ཟླ7པའི་ཚེས20ཉིན། ཞིང་ཆེན་ཏང་ཨུའི་གཞུང་ལུགས་སློབ་སྦྱོང་ལྟེ་གནས་ཚན་ཆུང་གི་སློབ་སྦྱོང་དང་སྲིད་འབྲས་ལྟ་བ་ཡང་དག་འཛུགས་པ་དང་ལག་བསྟར་བྱེད་པའི་སློབ་སྦྱོང་སློབ་གསོའི་ཆེད་དོན་ཞིབ་བསྡུར་ཚོགས་འདུ་ཐེངས་གསུམ་པ་བསྡུས། ཞི་ཅིན་ཕིང་གི་ཏང་འཛུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ105འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་གཏིང་ཟབ་པར་ཁོང་ཆུད་པ་བྱས་ཏེ། ཕུགས་བསམ་དད་སེམས་ཇེ་བརྟན་དུ་གཏོང་བ་དང་། དམངས་ལ་བརྩེ་སེམས་ཟབ་མོ་འཆང་བ། འགན་འཁྲི་འཁུར་སེམས་ཆེན་པོ་དང་ཉམས་སད་ཐེག་ཐུབ་པའི་བྱ་བའི་འཇོན་ཐང་ཆེ་རུ་གཏོང་བ། སློབ་སྦྱོང་སློབ་གསོ་གཏིང་ཟབ་དང་ཏན་ཏིག་ངང་སྤེལ་རྒྱུར་རྒྱུན་མཐུད་ངང་སྐུལ་འདེད་བཏང་ནས། བསམ་བློའི་རླབས་ཆེན་སྟོབས་ཤུགས་དེ་ཏང་འཛུགས་སྐྱོང་དང་མཚོ་སྔོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྒུལ་ཤུགས་ཆེན་པོར་དངོས་གནས་འགྱུར་བར་བྱེད་དགོས།

ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཝུའུ་ཞའོ་ཅུན་གྱིས་འགོ་འཛིན་བྱས་པ་མ་ཟད་གཏམ་བཤད། ལྟེ་གནས་ཚན་ཆུང་གི་ཁོངས་མི་ལུའོ་ཏུང་ཁྲོན་དང་། མགོན་པོ་བཀྲ་ཤིས། ལིའུ་ཆི་ཧྥན། དབྱང་ཧྥེང་ཁྲུན། ལིའུ་མེ་ཕིན། ཚའོ་ཅུན་བཅས་ཀྱིས“ཞི་ཅིན་ཕིང་གི་ཏང་འཛུགས་དགོངས་པ་སྣེ་ཁྲིད་དུ་བྱས་ཏེ། སྲིད་འབྲས་ལྟ་བ་ཡང་དག་འཛུགས་པ་དང་ལག་བསྟར་ཡག་པོ་བྱས་ནས། མཚོ་སྔོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས”ཞེས་པའི་བརྗོད་དོན་གཙོ་བོར་དམིགས་ནས་བརྗེ་རེས་དང་ཞིབ་བསྡུར་བྱས་པ་དང། ཁོངས་མི་གཞན་དག་གིས་ཡིག་ཐོག་ནས་གཏམ་བཤད། ཚང་མས་སློབ་སྦྱོང་གི་བརྗོད་བྱ་གཙོ་བོར་དམ་པོར་དམིགས་ཏེ། བྱ་བའི་དོན་དངོས་དང་ཟུང་འབྲེལ་གྱིས་ངོས་འཛིན་དང་། མྱོང་ཚོར། དངོས་འབེབ་བཅས་གླེང་། ཚོགས་འདུའི་ཐོག་ད་དུང་ཀྲུང་དབྱང་ཏང་གི་སློབ་གྲྭ(རྒྱལ་ཁབ་སྲིད་འཛིན་སློབ་གླིང་)གི་སློབ་གཙོ་གཞོན་པ་ལི་དབྱི་གདན་དྲངས་ནས་ཟུར་ཁྲིད་སྙན་ཞུ་གནང་སྟེ། ཞི་ཅིན་ཕིང་གི་ཏང་འཛུགས་དགོངས་པའི་དོན་སྙིང་གལ་ཆེན་དང་། ཚན་རིག་གི་ནང་དོན། ལག་ལེན་གྱི་བླང་བྱ་བཅས་རྒྱུད་རིམ་ལྡན་པའི་སྒོ་ནས་རྒྱས་བཤད་བྱས།

ཚང་མའི་གཏམ་བཤད་ལ་ཉན་རྗེས། ཝུའུ་ཞའོ་ཅུན་གྱིས་ངོས་འཛིན་མྱོང་ཚོར་དང་བྱ་བའི་མྱོང་ཚོར་མཉམ་སྤྱོད་བྱས་ནས། ཞི་ཅིན་ཕིང་གི་ཏང་འཛུགས་དགོངས་པ་ནི“ཟུང་འབྲེལ་གཉིས”རྒྱུན་འཁྱོངས་ཀྱིས་ཏང་གི་གཞུང་ལུགས་གསར་གཏོད་ལ་སྐུལ་འདེད་གཏོང་བའི་གྲུབ་འབྲས་གལ་ཆེན་ཞིག་དང་། ཏང་དང་མི་དམངས་ཀྱི་ལག་ལེན་ཉམས་མྱོང་དང་ བློ་གྲོས་གཅིག་བསྡུས་ཀྱི་ཉིང་བཅུད། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་གྲུབ་ཆ་གལ་ཆེན་ཞིག་རེད། “གཏན་ཕབ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ་དང་། “སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ལེགས་པོར་སྒྲུབ་ཏེ། རང་རྟོགས་ངང་ཏང་གི་གསར་གཏོད་གཞུང་ལུགས་ཀྱིས་བསམ་བློར་དྲག་ཆས་སྤྲོས་པ་དང་། ལག་ལེན་ལ་མཛུབ་སྟོན། བྱ་བར་སྐུལ་འདེད་བཅས་བྱས་ཏེ། ཏང་གི་ཆབ་སྲིད་ཀྱི་དགེ་མཚན་དང་རྩ་འཛུགས་ཀྱི་དགེ་མཚན་དེ་འཕེལ་རྒྱས་ཀྱི་དགེ་མཚན་དང་བཅོས་སྐྱོང་གི་ཕན་ནུས་སུ་སྔར་ལས་ལེགས་པོར་འགྱུར་བར་ཁག་ཐེག་བྱ་དགོས་ཞེས་བསྟན།

ཝུའུ་ཞའོ་ཅུན་གྱིས་ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་ཏང་ཨུ(ཏང་ཙུའུ)ཡིས་ཞི་ཅིན་ཕིང་གི་ཏང་འཛུགས་དགོངས་པར་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱ་རྒྱུ་དེ་མིག་སྔར་དང་རྗེས་ཕྱོགས་དུས་སྐབས་ཤིག་རིང་གི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ནས། ཏང་གི་ཆབ་སྲིད་འཛུགས་སྐྱོང་སྤྱི་འདོམས་སུ་བྱ་རྒྱུ་རྒྱན་འཁྱོངས་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་བླང་བྱ་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཐོག་མཐའ་བར་གསུམ་དུ་ལག་བསྟར་དོན་འཁྱོལ་བྱ་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་ཨང་དང་པོར་བརྩིས་ནས། མཚོ་སྔོན་གྱི་བྱ་བ་སྣ་ཚོགས་ཐོག་མཐའ་བར་གསུམ་དུ་ཡང་དག་པའི་ཁ་ཕྱོགས་སུ་བསྐྱོད་རྒྱུར་ཁག་ཐེག་བྱ་དགོས། ཏང་གི་གསར་གཏོད་གཞུང་ལུགས་ཀྱིས་དྲག་ཆས་སྤྲས་ཤུགས་རྒྱུན་མཐུད་ངང་ཆེ་རུ་གཏོང་བ་དང་། དེའི་ནང་འདུས་པའི་ལྟེ་བའི་དོན་སྙིང་དང་། དགོངས་དོན་གྱི་ངོ་བོ། ཕུན་སུམ་ཚོགས་པའི་ནང་དོན། ལག་ལེན་གྱི་བླང་བྱ་བཅས་ལ་གོ་བ་གཏིང་ཟབ་བླངས་ནས་ཏང་ཡོན་ལས་བྱེད་པའི་བསམ་བློའི་རྨང་གཞི་ཇེ་བརྟན་དུ་གཏོང་དགོས། དུས་རབས་གསར་པའི་ཏང་གི་རྩ་འཛུགས་ལམ་ཕྱོགས་དོན་འཁྱོལ་ནན་མོ་བྱས་ཏེ། ཁྱབ་ཁོངས་སོ་སོའི་གཞི་རིམ་ཏང་རྩ་འཛུགས་ཕྱོགས་ཡོངས་ནས་ཡར་ཐོན་དང་ཕྱོགས་ཡོངས་ནས་ཉམས་སད་ཐེག་ཐུབ་རྒྱུར་སྐུལ་འདེད་བཏང་ནས། ལྷག་བསམ་རྣམ་དག་དང་སྤྱོད་གཙང་འགན་འཁུར་གྱི་བྱང་ཚད་མཐོ་བའི་ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་བྱེད་དགོས། སྤྱོད་གཙང་སྒྲིག་ནན་དང་རུལ་སུངས་ལ་ངོ་རྒོལ་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་ནས། རུལ་སུངས་བྱེད་མི་ཕོད་པ་དང་། རུལ་སུངས་བྱེད་མི་ཐུབ་པ། རུལ་སུངས་བྱེད་མི་འདོད་པ་བཅས་ལ་གཞི་གཅིག་ཏུ་སྐུལ་འདེད་བཏང་སྟེ། སྤྱོད་གཙང་གཞུང་དྲང་གི་ཆབ་སྲིད་སྐྱེ་ཁམས་རྒྱུན་ཆད་མེད་པར་སྲ་བརྟན་དང་འཕེལ་རྒྱས་གཏོང་དགོས། སློབ་སྦྱོང་གསོ་སྦྱོང་དང་དྲིལ་བསྒྲགས་འཆད་འགྲེལ་གཏིང་ཟབ་དང་ཏན་ཏིག་ཡོང་བར་རྒྱུན་མཐུད་ངང་སྐུལ་འདེད་གཏོང་བ་དང་། སློབ་སྦྱོང་སློབ་གསོ་དང་སྐབས་བརྗེའི་འདེམས་བསྐོ། སྤུས་ཚད་མཐོ་བའི་འཕེལ་རྒྱས། བདེ་འཇགས་ཐོན་སྐྱེད། ཞོད་འགོག་གནོད་སེལ། དམངས་འཚོ་འགན་སྲུང་སོགས་མིག་སྔའི་གཙོ་གནད་བྱ་བར་གཅིག་གྱུར་འཆར་འགོད་ཀྱིས་དམ་འཛིན་ཡག་པོ་བྱས་ཏེ། སློབ་སྦྱོང་གི་ཕན་འབྲས་དེ་མཚོ་སྔོན་དེང་རབས་ཅན་དུ་འགྱུར་བའི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་གསོན་ཉམས་ལྡན་པའི་ལག་ལེན་དུ་དངོས་གནས་བསྒྱུར་དགོས་པ་ནན་གྱིས་བསྟན།

ཤ་བོ་རིན་མཚོས་བསྒྱུར།