

ཟླ7པའི་ཚེས20ཉིན་གྱི་སྔ་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོ་རུ་ཀྲུང་གོར་དངོས་གཞིའི་འཚམས་འདྲི་གནང་བར་ཕེབས་པའི་ཐེ་གོའི་ཙུང་ལི་ཨ་ནུའུ་ཐིང་དང་གྲོས་མོལ་མཛད།
ཟླ7པའི་ཚེས20ཉིན་གྱི་སྔ་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོ་རུ་ཀྲུང་གོར་དངོས་གཞིའི་འཚམས་འདྲི་གནང་བར་ཕེབས་པའི་ཐེ་གོའི་ཙུང་ལི་ཨ་ནུའུ་ཐིང་དང་གྲོས་མོལ་མཛད།
ལི་ཆང་གིས་རྒྱལ་ཁབ་གཉིས་ཀྱི་འགོ་ཁྲིད་པའི་འཐབ་ཇུས་སྣེ་ཁྲིད་འོག ཀྲུང་གོ་དང་ཐེ་གོའི་ལས་སྐལ་གཅིག་མཐུན་ཚོགས་པའི་འཛུགས་སྐྱོང་ད་ལྟ་ཟམ་མི་ཆད་པར་གཏིང་ཇེ་ཟབ་དང་དོན་འཁྱོལ་འགྲོ་བཞིན་ཡོད། དེས་ཕྱོགས་གཉིས་ཀྱི་མཉམ་ལས་ཐད་མདུན་ལྗོངས་ཡངས་པོ་བཏོད་ཡོད། སྐུ་ཞབས་ཙུང་ལི་ཐེངས་འདིར་ཀྲུང་གོར་འཚམས་འདྲི་ཡོང་བའི་རིང་། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཁྱེད་ལ་མཇལ་འཕྲད་གནང་ནས། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་གཏིང་ཟབ་གཏོང་རྒྱུའི་ཐད་འཆར་འགོད་གསར་པ་གནང་། ཀྲུང་གོ་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་ཐེ་གོ་ནི་མཐའ་འཁོར་ཕྱི་འབྲེལ་ཁྲོད་གོ་གནས་གལ་ཆེན་དུ་བཞག་ཡོད་པ་དང་། ཐེ་གོ་ཕྱོགས་དང་མཉམ་དུ་སྲོལ་རྒྱུན་གྱི་མཛའ་མཐུན་དར་སྤེལ་གཏོང་བ་དང་། ཆབ་སྲིད་ཐད་ཀྱི་ཕན་ཚུན་ཡིད་ཆེས་ཇེ་བརྟན་དུ་གཏོང་བ། ཕན་ཚུན་ལ་མཐའ་གཅིག་ཏུ་རྒྱབ་སྐྱོར་བྱེད་པ། ཁྱབ་ཁོངས་སོ་སོའི་ཐད་ཀྱི་གཉིས་ཕན་མཉམ་ལས་དེ་ཆུ་ཚད་སྔར་ལས་མཐོ་བའི་ཕྱོགས་སུ་འགྲོ་བར་སྐུལ་འདེད་བཏང་ནས། རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་བདེ་སྐྱིད་རྒྱུན་མཐུད་ངང་ཆེ་རུ་གཏོང་འདོད་ཡོད་ཅེས་བསྟན།
ལི་ཆང་གིས་ཀྲུང་གོ་ཕྱོགས་ཀྱིས་ཐེ་གོ་ཕྱོགས་དང་འཕེལ་རྒྱས་འཐབ་ཇུས་འབྲེལ་མཐུད་ཐད་ཤུགས་སྣོན་པ་དང་། སྤུས་ཚད་མཐོ་བའི་སྒོ་ནས་རྒྱུད་གཅིག་ལམ་གཅིག་མཉམ་འཛུགས་ལ་སྐུལ་འདེད་གཏོང་བ། ཀྲུང་ཐེ་ལྕགས་ལམ་སོགས་གཙོ་གནད་ལས་གཞི་མགྱོགས་པོར་ལག་བསྟར་བྱེད་པ། རྒྱལ་མཚམས་བརྒལ་བའི་གཏོང་སྤྲོད་དང་རང་དངུལ་བསྡོམས་རྩིས་རྒྱག་པ་སོགས་ཀྱི་སྟབས་བདེ་ཅན་གྱི་ཆུ་ཚད་ཇེ་མཐོར་གཏོང་བ། ཕྱོགས་གཉིས་ཀྱི་ཉོ་ཚོང་འཕེལ་རྒྱས་འགྲོ་བའི་རྣམ་པ་བཟང་པོ་རྒྱུན་འཁྱོངས་བྱེད་པ་དང་། ཐོན་ལས་མཉམ་འདྲེས་གཏིང་ཟབ་ཏུ་གཏོང་བ། མི་ཐབས་རིག་ནུས་དང་ནུས་ཁུངས་གསར་པའི་རླངས་འཁོར་སོགས་གསར་དར་ཁྱབ་ཁོངས་ཀྱི་མཉམ་ལས་རྒྱ་སྐྱེད་པ། ལག་གདང་སྦྲེལ་ནས་ཐུན་མོང་དར་རྒྱས་ཡོང་བར་སྐུལ་འདེད་གཏོང་འདོད་ཡོད། ཐེ་གོ་ཕྱོགས་ཀྱིས་ཐེ་གོ་ར་ུཡོད་པའི་ཀྲུང་གོའི་ཁེ་ལས་ལ་ཚོང་གཉེར་ཁོར་ཡུག་བཟང་པོ་ཞིག་མཁོ་འདོན་བྱེད་པའི་རེ་བ་ཡོད། ཕྱོགས་གཉིས་ཀྱིས་ད་རུང་མི་གཞུང་བརྗེ་རེས་ཟབ་སྤེལ་དང་། དྲ་ཐོག་རྒྱན་འགུག་དང་གློག་འཕྲིན་མགོ་སྐོར་སོགས་རྒྱལ་མཚམས་བརྒལ་བའི་ཉེས་སྤྱོད་ལ་མཐའ་གཅིག་ཏུ་རྡུང་རྡེག་གཏོང་དགོས། ཀྲུང་གོ་ཕྱོགས་ཀྱིས་ཐེ་གོ་ཕྱོགས་དང་མཉམ་དུ་ཕྱོགས་མང་མཐུན་སྦྱོར་གཞོགས་འདེགས་ཐད་ཤུགས་བསྣན་ནས། རྒྱལ་ཁབ་གཉིས་ཀྱི་ལུགས་མཐུན་ཁེ་དབང་དང་རྒྱལ་སྤྱིའི་འདྲ་མཉམ་དྲང་གཞག་ལ་སྲུང་སྐྱོབ་བྱེད་འདོད་ཡོད་ཅེས་བསྟན།
ཨ་ནུ་ཐིང་གིས་བསྟན་དོན། ཐེ་གོ་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་སྲིད་ཇུས་བློ་བརྟན་འགྱུར་མེད་ངང་ལག་བསྟར་བྱེད་བཞིན་ཡོད་ལ། ཀྲུང་གོ་ཕྱོགས་དང་མཐོ་རིམ་བར་གྱི་འགྲོ་འོང་ཇེ་མང་དུ་བཏང་ནས། དཔལ་འབྱོར་ཉོ་ཚོང་དང་། ཞིང་ལས། ཕན་ཚུན་འབྲེལ་མཐུད། མི་ཐབས་རིག་ནུས། མི་གཞུང་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་སྐུལ་འདེད་གཏོང་བ་དང་། ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་དང་ཀྲུང་གོ་སོགས་ཕྱོགས་མང་སྒྲོམ་གཞིའི་ནང་འབྲེལ་འདྲིས་མཉམ་ལས་བྱེད་ཤུགས་ཇེ་ཆེ་རུ་གཏོང་བ། ཐེ་གོ་དང་ཀྲུང་གོའི་ཕྱོགས་ཡོངས་འཐབ་ཇུས་མཉམ་ལས་གྲོགས་པོའི་འབྲེལ་བའི་ཐད་དངོས་གཉེར་གྲུབ་འབྲས་སྔར་ལས་མང་པོ་ཐོབ་རྒྱུར་སྐུལ་འདེད་བཏང་སྟེ། ས་ཁུལ་དང་འཛམ་གླིང་ཞི་བདེ་ཡོང་བ་དང་། བརྟན་ལྷིང་ཡིན་པ། དར་རྒྱས་འགྲོ་བ་བཅས་མཉམ་དུ་སྐུལ་འདེད་གཏོང་འདོད་ཡོད།
གྲོས་མོལ་མཇུག་བསྒྲིལ་རྗེས། རྒྱལ་ཁབ་གཉིས་ཀྱི་ཙུང་ལིས་ཉོ་ཚོང་དང་། ཞིང་ལས། སྒོ་ཁྲལ། རྒྱལ་མཚམས་བརྒལ་བའི་ཉེས་སྤྱོད་ལ་རྡུང་རྡེག་གཏོང་བ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ཡིག་ཆ་མང་པོར་མཚན་རྟགས་བཀོད་པར་བདེན་དཔང་གནང་།
ཝུའུ་ཀྲེང་ལུང་གོང་གསལ་གྱི་བྱེད་སྒོར་ཞུགས།
འཚམས་འདྲིའི་སྐབས་སུ། ཕྱོགས་གཉིས་ཀྱིས་མཉམ་དུ《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་གཞུང་དང་ཐེ་གོའི་སྲིད་གཞུང་གི་ཀྲུང་གོ་དང་ཐེ་གོའི་ལས་སྐལ་གཅིག་མཐུན་ཚོགས་པ་དར་སྤེལ་གཏོང་རྒྱུའི་སྐོར་གྱི་མཉམ་འབྲེལ་གསལ་བསྒྲགས》སྤེལ།