

ཟླ7པའི་ཚེས20ཉིན་གྱི་སྔ་དྲོར། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲའོ་ལེ་ཅི་ཡིས་པེ་ཅིང་དུ་ཐེ་གོའི་ཙུང་ལི་ཨ་ནུའུ་ཐིང་ལ་མཇལ་འཕྲད་གནང་།
རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲའོ་ལེ་ཅི་ཡིས་ཟླ7པའི་ཚེས20ཉིན་གྱི་སྔ་དྲོར་པེ་ཅིང་དུ་ཐེ་གོའི་ཙུང་ལི་ཨ་ནུ་ཐིང་ལ་མཇལ་འཕྲད་གནང་།
ཀྲའོ་ལེ་ཅི་ཡིས་བསྟན་དོན། རྒྱལ་ཁབ་གཉིས་ཀྱི་འགོ་ཁྲིད་པའི་འཐབ་ཇུས་ཀྱི་སྣེ་ཁྲིད་འོག ཀྲུང་གོ་དང་ཐེ་གོའི་འབྲེལ་བ་ལོ་རྒྱུས་ཀྱི་དུས་སྐབས་ཡག་ཤོས་སུ་སླེབས་ཡོད། གཟའ་འཁོར་སྔོན་མར། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧྲང་ཧའེ་རུ་སྐུ་ཞབས་ཙུང་ལི་དང་མཇལ་འཕྲད་གནང་སྟེ། ཀྲུང་གོ་དང་ཐེ་གོའི་འབྲེལ་བར་སྔར་བས་མཚར་སྡུག་ལྡན་པའི་འབྱུང་འགྱུར་གྱི་འཆར་གཞི་བཀོད་ཡོད། ཀྲུང་གོས་ཐེ་གོ་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་འགོ་ཁྲིད་མི་སྣའི་ཐུན་མོང་གི་ངོས་འཛིན་གལ་ཆེན་དོན་འཁྱོལ་དང་། ཆབ་སྲིད་ཐད་ཕན་ཚུན་ཀྱི་ཡིད་ཆེས་ཇེ་བརྟན་དུ་གཏོང་བ། དངོས་གཉེར་མཉམ་ལས་རྒྱ་སྐྱེད་པ། ཁྲིམས་འཛུགས་ལས་ཁུངས་བར་གྱི་འགྲོ་འོང་ལ་ཤུགས་སྣོན་པ། ཁྲིམས་འཛུགས་དང་ལྟ་སྐུལ་གྱི་ཉམས་མྱོང་བརྗེ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་པ་གཏིང་ཟབ་ཏུ་གཏོང་བ། ཀྲུང་གོ་དང་ཐེ་གོའི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་རྒྱུ་གཏིང་ཟབ་དང་ཏན་ཏིག་ཡོང་བར་སྐུལ་འདེད་བཏང་ནས། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་སྔར་ལས་ལྷག་པའི་བདེ་སྐྱིད་བསྐྲུན་འདོད་ཡོད། ཐེ་གོའི་རྒྱལ་ཚོགས་ཀྱིས་མི་སྣ་མངགས་ནས་ཀྲུང་གོས་བསྡུ་གྲབས་ཡོད་པའི་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་རྒྱལ་ཁབ་ཀྱི་གྲོས་མིའི་བགྲོ་གླེང་འཛིན་གྲྭར་ཞུགས་པར་དགའ་བསུ་ཞུ་རྒྱུ་ཡིན།
ཨ་ནུའུ་ཐིང་གིས་བསྟན་དོན། ཐེ་གོ་དང་ཀྲུང་གོ་ནི་ཕན་ཚུན་བརྩི་འཇོག་དང་ཕན་ཚུན་ཡིད་ཆེས་བྱེད་པའི་གྲོགས་པོ་བཟང་པོ་ཡིན་ལ། མི་དམངས་བར་གྱི་མཛའ་འབྲེལ་ཧ་ཅང་ཟབ། ཐེ་གོས་ཀྲུང་གོ་གཅིག་གི་རྩ་དོན་མཐའ་གཅིག་ཏུ་བརྟན་སྲུང་བྱས་ཏེ། ཀྲུང་གོའི་ཕྱོགས་དང་མཉམ་དུ་གཉིས་ཕན་མཉམ་ལས་ལ་ཤུགས་སྣོན་པ་དང་། ཁྲིམས་འཛུགས་ལས་ཁུངས་བར་གྱི་འགྲོ་འོང་ཇེ་ཟབ་ཏུ་བཏང་ནས། ཐེ་གོ་དང་ཀྲུང་གོའི་འབྲེལ་བར་གྲུབ་འབྲས་སྔར་བས་མང་པོ་ཐོབ་རྒྱུར་སྐུལ་འདེད་གཏོང་བའི་རེ་བ་བཅངས་ཡོད།
ཉིན་དེའི་ཕྱི་དྲོར། ཐེ་གོའི་ཙུང་ལི་ཨ་ནུ་ཐིང་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་ཕེབས་ཏེ། མི་དམངས་དཔའ་བོའི་རྗེས་དྲན་རྡོ་རིང་ལ་གུས་འདུད་ཞུས་ཤིང་མེ་ཏོག་གི་ཕྲེང་བ་ཕུལ།