
ཟླ7པའི་ཚེས22ཉིན། ཞིང་ཆེན་ཡོངས་ཀྱི་དམངས་གཉེར་དཔལ་འབྱོར་འཐབ་ཕྱོགས་གཅིག་གྱུར་ལས་དོན་ཚོགས་འདུ་དང་ཞིང་ཆེན་ཡོངས་ཀྱི་སྤྱི་ལ་དབང་བ་མ་ཡིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་མི་སྣའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བྱ་གཞག་འཛུགས་སྐྲུན་པ་ཕུལ་བྱུང་ལ་གཟེངས་བསྟོད་བྱེད་པའི་ཚོགས་ཆེན་སྐབས་དྲུག་པ་འཚོགས། ཞིང་ཆེན་ཏང་ཨུའི་རྒྱུན་ཨུ། འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་པད་གོ་ཚོགས་འདུར་ཞུགས་ཏེ་གཏམ་བཤད་པ་དང་། ཧྲིན་ཀྲང་གཞོན་པ་ལིའུ་ཁྲའོ་ཡིས་གཟེངས་བསྟོད་གཏན་འབེབས་སྒྲོག་འདོན་བྱས།
ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་འཚོགས་པའི་ཚུན་ལ། རང་རེའི་ཞིང་ཆེན་གྱི་སྤྱི་ལ་དབང་བ་མ་ཡིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་རྒྱུན་མཐུད་དང་བདེ་ཐང་། སྤུས་ཚད་མཐོ་བ་བཅས་ཀྱི་འཕེལ་རྒྱས་མངོན་འགྱུར་བྱུང་ནས། རྒྱ་ཆེའི་དམངས་གཉེར་དཔལ་འབྱོར་མི་སྣ་དང་སྤྱི་ཚོགས་ཀྱི་རིམ་གྲས་གསར་པའི་མི་སྣ། སྒེར་གཉེར་བཟོ་ཚོང་ཁྱིམ་ཚང་བཅས་མཚོ་སྔོན་གསར་པའི་འཛུགས་སྐྲུན་ཁྲོད་འབད་པས་ཞུགས་ཏེ། རྒྱལ་གཅེས་ལས་བཀུར་དང་ཁྲིམས་སྲུང་གཉེར་སྐྱོང་། ལས་སྐྲུན་གསར་གཏོད། སྤྱི་ཚོགས་ལ་དྲིན་ལན་འཇལ་བ་བཅས་ཀྱི། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་འཛུགས་སྐྲུན་པ་ཕུལ་བྱུང་སྐོར་ཞིག་ཐོན་ཡོད། སྔོན་ཐོན་ལ་གཟེངས་བསྟོད་དང་དཔེ་བཟང་གི་ལམ་བུ་བཏོད་ཆེད། ཞིང་ཆེན་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་དང་། ཞིང་ཆེན་བཟོ་ལས་དང་ཆ་འཕྲིན་ཅན་ཐིང་། ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་། ཞིང་ཆེན་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས། ཞིང་ཆེན་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་བཅས་ཀྱིས་རིན་ཧའེ་ཧྥུན་སོགས་སྤྱི་ལ་དབང་བ་མ་ཡིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་མི་སྣ50ལ། “མཚོ་སྔོན་ཞིང་ཆེན་གྱི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བྱ་གཞག་འཛུགས་སྐྲུན་པ་ཕུལ་བྱུང”གི་མཚན་སྙན་བསྩལ།
ཚོགས་འདུ་ལས་ནན་གྱིས་བསྟན་དོན། ཞིང་ཆེན་ཡོངས་ཀྱི་འཐབ་ཕྱོགས་གཅིག་གྱུར་སྡེ་ཁག་གིས་ད་ཐེངས་ཀྱི་གཟེངས་བསྟོད་ཚོགས་ཆེན་གོ་སྐབས་སུ་བྱས་ནས། “བདེ་ཐང་གཉིས”ལ་དམིགས་ཏེ་སྣེ་ཁྲིད་དམ་འཛིན་དང་ཞབས་ཞུ་ལེགས་གཏོང་། ཚུལ་སྒྱུར་ལ་སྐུལ་འདེད། སྒྲིལ་ཤུགས་གཅིག་སྡུད་བཅས་བྱེད་དགོས། དམངས་གཉེར་དཔལ་འབྱོར་མི་སྣར་ཏང་དང་རྒྱལ་གཅེས་ཀྱི་བརྩེ་སེམས་ཇེ་དྲག་ཏུ་གཏོང་བར་ཁྲིད་སྟོན་བྱས་ཏེ། ཁེ་ལས་འཕེལ་རྒྱས་དེ་རྒྱལ་ཁབ་ཀྱི་འཐབ་ཇུས་དང་ཞིང་ཆེན་ཡོངས་ཀྱི་ཁྱོན་ཡོངས་ཁྲོད་རང་རྟོགས་ངང་འདྲེས་པར་བྱེད་དགོས། ཁེ་ལས་ལ་ཕན་པའི་ཞབས་ཞུ་དམ་འཛིན་ཡག་པོ་བྱས་ནས། “ཉེ་གཙང”གཅིག་གྱུར་གྱི་སྲིད་ཚོང་ཞབས་ཞུའི་མ་ལག་བསྐྲུན་རྒྱུ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལས་འགན་གལ་ཆེན་གཏན་འཁེལ་བྱས་ནས། དམངས་གཉེར་དཔལ་འབྱོར་ཁྲོམ་རའི་བྱེད་པོའི་སྟོབས་ཤུགས་ཆེན་པོ་གཅིག་སྡུད་བྱེད་དགོས། འཐུས་ཚབ་མི་སྣའི་དཔུང་སྡེ་སྟོབས་ལྡན་འཛུགས་སྐྲུན་དང་། བྱང་ཚད་མཐོ་བའི་དམངས་གཉེར་དཔལ་འབྱོར་གྱི་རྐང་འཛིན་སྟོབས་ཤུགས་གསོ་སྐྱོང་བྱས་ཏེ། གཟེངས་བསྟོད་ཐོབ་པའི་ཕུལ་བྱུང་འཛུགས་སྐྲུན་པས་གཟི་བརྗིད་མཚན་སྙན་ལ་གཅེས་སྤྲས་དང་ཡང་འབད་བསྐྱར་འབད་ཀྱིས་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལེའུ་འབད་པས་འབྲི་ཆེད་སྟོབས་ཤུགས་ཅི་ཡོད་ལེགས་སྐྱེས་སུ་འབུལ་རྒྱུའི་རེ་ལྟོས་ཆེ།
བན་དེ་སྐྱབས་ཀྱིས་བསྒྱུར།