ཞི་ཅིན་ཕིང་གིས་རྨང་གཞིའི་སློབ་གསོའི་བྱ་བར་མཛུབ་སྟོན་གལ་ཆེན་གནང་།
ཁུངས། ཀློག་གྲངས།

ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཉེ་ལམ་རྨང་གཞིའི་སློབ་གསོའི་བྱ་བའི་ཐད་མཛུབ་སྟོན་གལ་ཆེན་གནང་ནས་བསྟན་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་དུ། ཏང་ཀྲུང་དབྱང་གིས་རྨང་གཞིའི་སློབ་གསོ་དེ་རྨང་གཞིའི་རང་བཞིན་དང་སྔོན་ཁྲིད་རང་བཞིན་གྱི་ལས་ཀར་བརྩིས་ནས་དམ་འཛིན་བྱས་པ་དང་། ཐབས་མང་མཉམ་སྤྱོད་ཀྱིས་རྨང་གཞིའི་སློབ་གསོ་འཕེལ་རྒྱས་མགྱོགས་པོ་ཡོང་བར་སྐུལ་འདེད་བཏང་སྟེ། སློབ་གསོའི་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་བྱེད་པར་འདེགས་སྐྱོར་ནུས་ལྡན་འདོན་སྤྲོད་བྱས།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན།  འཐབ་ལམ་གསར་བའི་སྟེང་། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་བཟུང་སྟེ། ཏང་གི་སློབ་གསོའི་བྱེད་ཕྱོགས་ཁྱོན་ཡོངས་ནས་ལག་ལེན་མཐར་ཕྱིན་བྱེད་པ་དང་། སྤྱོད་བཟང་ལ་བརྟེན་ནས་མི་གཞི་སྐྱོང་བའི་རྩ་བའི་ལས་འགན་དོན་འཁྱོལ་བྱེད་པ། ཏང་གི་གསར་གཏོད་གཞུང་ལུགས་ལ་བརྟེན་ནས་བློ་སྒྲིལ་མི་སྐྱོང་རྒྱུན་འཁྱོངས་ལྷོད་མེད་བཅས་བྱས་ཏེ། ཀུན་སྤྱོད་དང་། ཤེས་རིག ལུས་རྩལ། མཛེས་རྩལ། ངལ་རྩོལ་བཅས་ཁྱོན་ཡོངས་ནས་འཕེལ་རྒྱས་ཡོང་བའི་སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་པ་དང་རྒྱུན་འཛིན་པ་སྐྱེད་སྲིང་བྱེད་དགོས། སློབ་གསོའི་ཆོས་ཉིད་བརྩི་སྲུང་དང་། བདེ་ཐང་ཨང་དང་པོ་ཡིན་པའི་སློབ་གསོའི་འདུ་ཤེས་དོན་འཁྱོལ་བྱེད་པ། སློབ་གསོའི་སློབ་ཁྲིད་ཀྱི་སྤུས་ཚད་མཐོར་འདེགས་བཅས་བྱས་ཏེ། རྒྱ་ཆེའི་སློབ་མ་རྣམས་ལུས་སེམས་བདེ་ཐང་ངང་འཚར་ལོངས་དང་འཇོན་ཐང་ཅན་དུ་འགྱུར་བར་སྐུལ་སྤེལ་གཏོང་དགོས། མི་དམངས་མང་ཚོགས་ཀྱི་རེ་སྒུག་གསར་པ་དང་འཚམ་པར་བྱས་ཏེ། རྨང་གཞིའི་སློབ་གསོ་ལེགས་སྐྱེད་སྤུས་འདེགས་ལ་སྐུལ་འདེད་བཏང་ནས། སློབ་གསོ་དྲང་གཞག་གི་མཐའ་ཚད་བརྟན་པོར་སྲུང་དགོས། སློབ་གསོ་བའི་སྙིང་སྟོབས་དར་སྤེལ་བཏང་ནས། དགེ་རྒན་གྱི་ཀུན་སྤྱོད་དང་སྤྱོད་ཚུལ་འཛུགས་སྐྲུན་ལ་ཤུགས་བསྣན་ཏེ། ཚད་མཐོ་བའི་ཆེད་ལས་ཅན་གྱི་དགེ་རྒན་དཔུང་སྡེ་གསོ་སྐྱོང་དང་སྐྱེད་སྲིང་བྱེད་དགོས། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་ཆབ་སྲིད་ཀྱི་འགན་འཁྲི་ཏན་ཏིག་འཁུར་བ་དང་། སློབ་སྒྲུབ་ཐོན་ཁུངས་བཀོད་སྒྲིག་ལེགས་སྒྱུར་བྱེད་པ། སློབ་གསོ་ཕྱོགས་བསྡུས་བཅོས་སྒྱུར་ཟབ་སྤེལ་བཅས་བྱས་ཏེ། སློབ་གྲྭ་དང་། ཁྱིམ་ཚང་། སྤྱི་ཚོགས་བཅས་ཀྱིས་མཉམ་དུ་ནུས་ཤུགས་འདོན་པར་སྐུལ་འདེད་བཏང་ནས། རྨང་གཞིའི་སློབ་གསོའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྣམ་པ་གསར་བ་རྒྱུན་ཆད་མེད་པར་གསར་གཏོད་བྱེད་དགོས།

རྒྱལ་ཡོངས་ཀྱི་རྨང་གཞི་སློབ་གསོའི་བྱ་བའི་ཚོགས་འདུ་ཟླ་བདུན་པའི་ཚེས་ཉེར་གཉིས་ཉིན་པེ་ཅིང་དུ་འཚོགས། ཚོགས་འདུའི་སྟེང་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་བརྒྱུད་བསྒྲགས་གནང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཏིང་ཞུའེ་ཞང་ཚོགས་འདུར་ཞུགས་པར་མ་ཟད་གསུང་བཤད་གནང་།

ཟླ7པའི་ཚེས22ཉིན། རྒྱལ་ཡོངས་ཀྱི་རྨང་གཞི་སློབ་གསོའི་བྱ་བའི་ཚོགས་འདུ་པེ་ཅིང་དུ་འཚོགས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཏིང་ཞུའེ་ཞང་ཚོགས་འདུར་ཞུགས་པར་མ་ཟད་གསུང་བཤད་གནང་།

ཏིང་ཞུའེ་ཞང་གིས་གསུང་བཤད་གནང་ནས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་ལ་ཆབ་སྲིད་རང་བཞིན་དང་། བསམ་བློའི་རང་བཞིན། མཛུབ་སྟོན་རང་བཞིན་བཅས་ཧ་ཅང་དྲག་པོ་ལྡན་པས། དུས་རབས་གསར་པའི་འཐབ་ལམ་གསར་པའི་རྨང་གཞིའི་སློབ་གསོའི་བྱ་བ་ལེགས་པོར་བསྒྲུབ་པར་ཁ་ཕྱོགས་གསལ་སྟོན་གནང་ཡོད། ང་ཚོས་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པ་དང་ལག་བསྟར་དོན་འཁྱོལ་དམ་འཛིན་ལེགས་པོ་བྱེད་དགོས།

ཏིང་ཞུའེ་ཞང་གིས་ནན་གྱིས་བསྟན་དོན། དུས་རབས་གསར་པའི་རྨང་གཞིའི་སློབ་གསོའི་ལས་དོན་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་ཆགས་སྟངས་རང་བཞིན་གྱི་འགྱུར་ལྡོག་བྱུང་བས། དེའི་ཁྲོད་ནས“གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་དགོས་པ་དང་། འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ་དང་།   ཡིད་ཆེས་བཞི་ཇེ་བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ལེགས་པར་སྒྲུབ་པ་བཅས་བྱེད་དགོས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་བཟུང་ནས། སློབ་གསོའི་ཆབ་སྲིད་ཀྱི་ངོ་བོ་དང་། མི་དམངས་ཀྱི་ངོ་བོ། འཐབ་ཇུས་ཀྱི་ངོ་བོ་བཅས་ཁོང་དུ་ཆུད་པར་བྱས་ཏེ།  དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་དུས་བབ་གསར་པ་དང་མི་དམངས་མང་ཚོགས་ཀྱི་རེ་སྒུག་གསར་པ་དང་འཚམ་པར་བྱས་ནས། རྨང་གཞིའི་སློབ་གསོའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏིང་ཟབ་གཏོང་དགོས།

ཏིང་ཞུའེ་ཞང་གིས་བསྟན་དོན། ཏང་གི་སློབ་གསོའི་བྱེད་ཕྱོགས་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ་དང་། ཏང་གི་གསར་གཏོད་གཞུང་ལུགས་ལ་བརྟེན་ནས་བློ་སྒྲིལ་མི་སྐྱོང་རྒྱུན་འཁྱོངས་ལྷོད་མེད་བྱེད་པ་དང་། གསོ་སྐྱོང་ལྔ་མཉམ་སྤེལ་དང་། གསོ་སྐྱོང་ལྔ་མཉམ་འདྲེས་རྒྱུན་འཁྱོངས་བཅས་བྱས་ཏེ། སློབ་མ་སྐྱོན་བྲལ་ངང་འཚར་ལོངས་དང་ཁྱོན་ཡོངས་ནས་འཕེལ་རྒྱས་ཡོང་བར་སྐུལ་སྤེལ་གཏོང་དགོས། སློབ་མ་བསྡུ་ལེན་དང་སློབ་ཞུགས་ལ་དོ་དམ་ནན་མོ་བྱེད་པ་དང་། གྲོང་གསེབ་ཀྱི་གཞིས་སྐྱུར་བྱིས་པ་དང་གྲོང་ཁྱེར་དུ་ཞོར་ལས་ལ་ཡོང་མཁན་གྱི་བྱིས་པ་ལ་ཐུགས་ཁུར་དང་གཅེས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། སློབ་གསོ་དྲང་གཞག་ཡོང་བའི་ཚད་མཐའ་བརྟན་པོར་བསྲུང་ནས། རྨང་གཞིའི་སློབ་གསོ་དོ་མཉམ་ངང་གོང་དུ་འཕེལ་བར་སྐུལ་འདེད་གཏོང་དགོས། མི་འབོར་གྱི་འགྱུར་ལྡོག་དང་འཚམ་པར་བྱས་ཏེ་སློབ་གསོའི་ཐོན་ཁུངས་བཀོད་སྒྲིག་ཇེ་ལེགས་སུ་གཏོང་བ་དང་། འགྲོ་གྲོན་འགན་སྲུང་དང་། སློབ་གྲྭའི་བཀོད་སྒྲིག  བསླབ་གནས་མཁོ་སྤྲོད། དགེ་རྒན་བཀོད་སྒྲིག་སོགས་ཀྱི་བྱ་བར་གཅིག་གྱུར་འཆར་འགོད་ལེགས་པོ་བྱེད་དགོས། སློབ་མའི་འཚར་ལོངས་ལྟེ་བར་བྱས་ཏེ་སློབ་གསོའི་སློབ་ཁྲིད་བཅོས་སྒྱུར་གཏིང་ཟབ་ཏུ་བཏང་སྟེ།  བདེན་སྲུང་གསར་གཏོད་ལ་བརྟེན་ནས་རྨང་གཞིའི་སློབ་གསོའི་དགེ་མཚན་གསར་པ་བསྐྲུན་དགོས། སྔར་ལས་ལྷག་པའི་སྒོ་ནས་མཉམ་སྡེབ་མཉམ་གསོ་ལ་ཤུགས་བསྣན་ནས། ཕྱོགས་སོ་སོའི་འགན་འཁྲི་ནན་མོར་བཏང་སྟེ། སློབ་གྲྭ་དང་། ཁྱིམ་ཚང་། སྤྱི་ཚོགས་བཅས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་སྒོས་མི་སྐྱེད་སྲིང་བྱེད་པའི་སྒྲིལ་ཤུགས་གྲུབ་པར་བྱེད་དགོས། སློབ་གསོ་བའི་སྙིང་སྟོབས་དར་སྤེལ་དང་།  དགེ་རྒན་གྱི་ཆེད་ལས་བྱང་ཚད་མཐོ་རུ་གཏོང་བ།  དགེ་རྒན་གྱི་ཟླ་ཕོགས་འགན་སྲུང་ལ་ཤུགས་སྣོན་པ་བཅས་བྱས་ནས། ཕུལ་བྱུང་འཇོན་མི་སྔར་ལས་མང་པོས་བློ་བདེའི་ངང་དགེ་རྒན་བྱེད་པར་འགུག་དགོས། ས་ཁུལ་སོ་སོ་དང་འབྲེལ་ཡོད་སྡེ་ཁག་དང་སློབ་གྲྭ་སོ་སོས་རྩ་འཛུགས་ཀྱི་འགན་སྲུང་ལ་ཤུགས་བསྣན་ནས། གཟེར་འདེབས་སྙིང་སྟོབས་ལ་བརྟེན་ནས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲེལ་ཡོད་ཐབས་ཇུས་བཀོད་སྒྲིག་དོན་ཐོག་ཏུ་འཁྱོལ་ནས་ཕན་འབྲས་ལོན་པར་སྐུལ་འདེད་གཏོང་དགོས།

སློབ་གསོ་པུའུ་དང་། ཀྲུང་དབྱང་སྒྲིག་ཁོངས་གཞུང་སྒྲུབ་ཁང་། རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་། ནོར་སྲིད་པུའུ། པེ་ཅིང་གྲོང་ཁྱེར། ཧུའུ་པེ་ཞིང་ཆེན། ཀན་སུའུ་ཞིང་ཆེན། པེ་ཅིང་དགེ་ཐོན་སློབ་ཆེན་བཅས་ཀྱི་འགན་ཁུར་བློ་མཐུན་གྱིས་བསམ་བློ་བརྗེ་རེས་ཀྱི་གཏམ་བཤད།

ཧྲི་ཐའེ་ཧྥིན་དང་། ལི་ཧྲུའུ་ལེ། ཝང་ཞའོ་ཧུང་། ཝུའུ་ཀྲིན་ལུང་བཅས་ཚོགས་འདུར་ཞུགས།

ཞིང་ཆེན་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་སོ་སོ་དང་འཆར་གཞི་ལོགས་བཀོད་ཀྱི་གྲོང་ཁྱེར། ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་སྟོང་སྡེ་ཆེན་མོ་བཅས་དང་། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཁག་དང་། འབྲེལ་ཡོད་མི་དམངས་ཚོགས་པ། ཀྲུང་དབྱང་དམག་ཨུའི་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཁག  སློབ་གསོ་པུའུ་ཡི་ཐད་གཏོགས་དགེ་ཐོན་སློབ་ཆེན་དང“རྒྱལ་ཁབ་ཀྱི་ཕུལ་བྱུང་འཆར་གཞིའི”ལག་བསྟར་སློབ་གླིང་གི་འགན་ཁུར་བློ་མཐུན་སོགས་ཚོགས་འདུར་ཞུགས།