
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསྟན་དོན། ཐུན་མོང་ཕྱུག་འགྱུར་ནི་སྤྱི་ཚོགས་རིང་ལུགས་ཀྱི་ངོ་བོའི་བླང་བྱ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཁྱད་ཆོས་གལ་ཆེན་ཡིན། ཁོང་གིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་སྤྲི་གོར་ཇེ་ཆེར་གཏོང་བའི་ཞོར་དུ། རྒྱུ་ནོར་བགོ་བཤའ་སྔར་ལས་བཟང་བོ་བྱས་ནས། དེང་རབས་ཅན་འཛུགས་སྐྲུན་གྱི་གྲུབ་འབྲས་ཀྱིས་སྔར་ལས་མང་བ་དང་སྔར་ལས་དྲང་སྙོམས་ཀྱི་སྒོ་ནས་མི་དམངས་ཡོངས་ལ་ཕན་འདོགས་ཐུབ་པར་བྱེད་དགོས་ཞེས་ནན་གྱིས་བསྟན། 2021ལོའི་ཟླ5པར་ཏང་ཀྲུང་དབྱང་གིས་ཀྲེ་ཅང་ལ་སྤུས་ཚད་མཐོན་པོའི་ཐུན་མོང་ཕྱུག་འགྱུར་དཔེ་སྟོན་ཁུལ་འཛུགས་སྐྲུན་འཕེལ་རྒྱས་གཏོང་དགོས་པའི་འགན་འཁྲི་ལྕི་མོ་བསྩལ་བ་དང་། སྤྱི་ཁྱབ་ཧྲུའུ་ཅིས་ཀྲེ་ཅང་གིས“ཐུན་མོང་ཕྱུག་འགྱུར་ཁྲོད་སྔོན་དུ་དཔེ་སྟོན་བྱས་ནས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་བར་ཁྱད་དང་། ས་ཁུལ་བར་གྱི་བར་ཁྱད། ཡོང་འབབ་ཀྱི་བར་ཁྱད་ཇེ་ཆུང་དུ་གཏོང་རྒྱུ་དེ་གཙོ་རྒོལ་བྱེད་ཕྱོགས་སུ་འཛིན་རྒྱུའི་”བླང་བྱ་བཏོན། ལོ་ལྔའི་རིང་། ཀྲེ་ཅང་གིས་བློ་བརྟན་འགྱུར་མེད་ཀྱིས“བརྒྱད་བརྒྱད་འཐབ་ཇུས་”སྤྱིའི་རྩ་འཛིན་དུ་བྱས་པ་དང་། “སྟོང་ཁྲི་བཟོ་སྐྲུན་”ལ་བརྟེན་ནས་གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་འཕེལ་རྒྱས་ལ་སྣེ་ཁྲིད་བྱས་ཏེ། ཐུན་མོང་ཕྱུག་འགྱུར་གྱི་ལག་ལེན་བགྲོད་ལམ་སྟེང་མཚམས་མ་ཆད་པར་གོམ་སྟབས་གསར་པ་སྤོས་པ་དང་ཕན་འབྲས་གསར་པ་བླངས།
ད་ལྟའི་ཀྲེ་ཅང་དུ། རྒྱལ་ཁབ་ཀྱི་རིག་ནུས་བཟོ་གྲྭ2500ལྷག་གིས་ཉིན་མཚན་དབྱེར་མེད་དུ་ཐོན་སྐྱེད་བྱེད་པ་དང་། བཟོ་ལས་འཕྲུལ་མི་གནད་སྨིན་འཁོར་སྐྱོད་བྱེད་ཀྱིན་ཡོད། རྨང་གཞིའི་དཔེ་དབྱིབས་ཆེན་པོ་སྐོར་ཞིག་གིས་ཉིན་རེར་གོ་ལ་ཧྲིལ་བོའི་ཐེངས་ས་ཡ་འགའི་གཞི་གྲངས(token)ཐག་གཅོད་ཐད་འདེགས་སྐྱོར་བྱེད་ཀྱིན་ཡོད་པ་དང་། ཕྱོགས་བསྡུས་གཤིས་ནུས་དེ་འཛམ་གླིང་གི་མདུན་གྲལ་དུ་བརྟན་པོར་གནས་ཡོད། ད་ལྟའི་ཀྲེ་ཅང་དུ། ཉིང་པོ་ཀྲོའུ་ཧྲན་གྲུ་ཁའི་ཉིན་རེའི་དངོས་ཟོག་འདོན་འཇུག་བྱེད་ཚད་ཏུན་ས་ཡ་བཞི་དང་དོས་སྒམ་འབུམ་གཅིག་དང་ཁྲི་གཉིས་ལྷག་ལ་སླེབས་ནས། དེ་གོ་ལ་ཧྲིལ་པོའི་རྒྱལ་ཁབ་དང་ས་ཁུལ200ལྷག་དང་དམ་པོར་འབྲེལ་ཡོད། ཡངས་ཤིང་རྒྱ་ཆེ་བའི་གྲོང་གསེབ་ཀྱིས་ཉིན་རེར་ཆ་སྙོམས་ཀྱིས་ཡུལ་སྐོར་བ་མི་ཐེངས་ས་ཡར་ཉེ་བ་སྣེ་ལེན་བྱས་ནས། འཛམ་གླིང་ལ་ཀྲུང་གོའི་གྲོང་གསེབ་ཀྱི་སྣ་མང་འགུག་ཤུགས་མངོན་བཞིན་ཡོད་ལ། འདི་དག་ནི་ཀྲེ་ཅང་གིས་ཐུན་མོང་ཕྱུག་འགྱུར་ལ་སྐུལ་འདེད་བཏང་བའི་རྣམ་པ་ངོ་མ་ཡིན།
ཀྲེ་ཅང་ཞིང་ཆེན་དཔལ་འབྱོར་དང་ཆ་འཕྲིན་ཅན་ཐིང་སྲིད་ཇུས་ཁྲིམས་སྲོལ་ཁྲུའུ་ཡི་ཁྲུའུ་ཀྲང་གཞོན་པ་ཅང་ཧུང་མེའོ་ཡིས་བཤད་རྒྱུར། ཐུན་མོང་ཕྱུག་འགྱུར་དཔེ་སྟོན་ཁུལ་འཛུགས་སྐྲུན་བྱེད་ན་གནད་འགག་ནི་སྤྲི་གོར་ཇེ་ཆེར་གཏོང་རྒྱུར་ཐུག་ཡོད་པས། ང་ཚོས་སྤུས་ཚད་མཐོ་བའི་འཕེལ་རྒྱས་དེ་ལས་འགན་གཙོ་བོར་བརྩི་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། སྔོན་ཐོན་གྱི་བཟོ་སྐྲུན་ལས་རིགས་ཁྱུ་ཚོགས་སྐྱེད་སྲིང་བཟོ་སྐྲུན་ལག་བསྟར་གཏིང་ཟབ་བྱས་ནས། དངོས་ཕུང་དཔལ་འབྱོར་སྟོབས་ལྡན་དུ་གཏོང་བ་དང་། ཐུན་མོང་ཕྱུག་འགྱུར་གྱི་དངོས་པོའི་རྨང་གཞི་རྒྱུན་ཆད་མེད་པར་ཇེ་བརྟན་དུ་གཏོང་རྒྱུ་ཡིན།
ཐུན་མོང་ཕྱུག་འགྱུར་ལ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཐོང་ཆེན་བླ་མེད་གནང་བཞིན་ཡོད། ཀྲེ་ཅང་དུ་ཕྱག་ལས་གནང་སྐབས། ཁོང་གིས“བརྒྱད་བརྒྱད་འཐབ་ཇུས་”ཀྱི་ཇུས་ཆོད་བཀོད་སྒྲིག་གལ་ཆེན་མཛད་པ་དང་། རི་ཆུ་མཉམ་ལས་དང་ཁྲི་སྟོང་བཟོ་སྐྲུན་སོགས་ཀྱི་འགུལ་སྐྱོད་ལག་བསྟར་བྱས་ནས། ཀྲེ་ཅང་གི་སྣེ་ཁྲིད་དེ་འཕེལ་རྒྱས་དོ་མི་མཉམ་པ་དང་གང་ལེགས་མིན་པའི་གནད་དོན་སྔོན་དུ་ཐག་བཅད། ཉེ་བའི་ལོ་འགའི་རིང་། ཀྲེ་ཅང་གིས་“བརྒྱད་བརྒྱད་འཐབ་ཇུས་”ལག་བསྟར་གཏིང་ཟབ་བྱས་ཏེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཁྲོད་སྤྲི་གོར་ཇེ་མང་དུ་གཏོང་རྒྱུ་རྒྱུན་འཁྱོངས་བྱས།
ཀྲེ་ཅང་ཞིང་ཆེན་འཕེལ་རྒྱས་འཆར་འགོད་ཞིབ་འཇུག་ཁང་ཐུན་མོང་ཕྱུག་འགྱུར་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རེན་གཞོན་པ་ཕན་ཞའོ་ཏུང་གིས་བཤད་རྒྱུར། བརྒྱད་བརྒྱད་འཐབ་ཇུས་ནི་ཀྲེ་ཅང་གིས་ཐུན་མོང་ཕྱུག་འགྱུར་ལ་སྐུལ་འདེད་གཏོང་བའི་རྩ་བའི་མཛུབ་ཁྲིད་ཡིན་པ་དང་། དེའི་ཁྲོད་ཀྱི་གྲོང་ཁྱེར་དང་གྲོང་གསེབ་གཅིག་གྱུར་འཆར་འགོད་དང་རི་ཆུ་མཉམ་ལས་སོགས་ཀྱི་འདུ་ཤེས་དེ་ཉིད་མ་གཞི་ནས“བར་ཁྱད་ཆེན་པོ་གསུམ”ཇེ་ཆུང་དུ་གཏོང་བའི་འབྱུང་རྩ་ཡིན། ཀྲེ་ཅང་གིས་ཐུན་མོང་ཕྱུག་འགྱུར་དཔེ་སྟོན་ཁུལ་འཛུགས་སྐྲུན་ལ་སྐུལ་འདེད་ཏན་ཏིག་གཏོང་བ་ནི“བརྒྱད་བརྒྱད་འཐབ་ཇུས”ཁྲིད་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་དང་། ཐོག་མཐའ་བར་གསུམ་དུ་འབད་འཐབ་ལྷོད་མེད་བྱས་ནས། སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་བཏང་ནས་ཐུན་མོང་ཕྱུག་འགྱུར་བྱེད་པའི་ལམ་བུ་གསར་པ་ཞིག་འཚོལ་ཞིབ་བྱ་རྒྱུ་དེ་རེད།
ཀྲེ་ཅང་གིས་གྲོང་ཁྱེར་དང་གྲོང་གསེབ་བར་དང་། ས་ཁུལ་བར། ཡོང་འབབ་བཅས་ཀྱི་“བར་ཁྱད་ཆེན་པོ་གསུམ་”ཇེ་ཆུང་དུ་གཏོང་བའི་ཤུགས་འདོན་ས་དེ་ཅུང་རྗེས་ལུས་ཡིན་པའི་རི་ཁུལ་ཧའེ་ཏའོ་རྫོང་བྱས་ཡོད། ཐུན་མོང་ཕྱུག་འགྱུར་དཔེ་སྟོན་ཁུལ་ཐོག་མར་འཛུགས་པའི་སྐབས་སུ། ཞིང་ཆེན་ཡོངས་ཀྱི་རྫོང(གྲོང་ཁྱེར་དང་ཆུས)90ཡི་ཁྲོད་ཅུང་རྗེས་ལུས་ཡིན་པའི་རི་ཁུལ་ཧའེ་ཏའོ་རྫོང་དུ་དཔེ་སྟོན་ཁུལ28ཡོད་པ་དང་། དེའི་རྒྱ་ཁྱོན་གྱིས་ཞིང་ཆེན་ཡོངས་ཀྱི་ཕྱེད་ཀ་ཙམ་ཟིན་མོད། འོན་ཀྱང་ས་ཁུལ་གྱི་ཐོན་སྐྱེད་སྤྱིའི་རིན་གྲངས་ཀྱི་བསྡོམས་འབོར་གྱིས་ཞིང་ཆེན་ཡོངས་ཀྱི་བཅུ་ཆ་གཅིག་ཙམ་ལས་བཟུང་མེད།
ཀྲེ་ཅང་ཞིང་ཆེན་འཕེལ་རྒྱས་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་ཐུན་མོང་ཕྱུག་འགྱུར་སྐུལ་སྤེལ་ཁྲུའུ་ཡི་ཁྲུའུ་ཀྲང་ལིན་ཅན་གྱིས་བཤད་རྒྱུར། གནད་དོན་ཐག་གཅོད་ཀྱི་བསམ་ཕྱོགས་ནི་ཐོན་ཁུངས་ཀྱི་རྒྱུ་རྐྱེན་གཙོ་བོ་དེ་ཞིང་ཆེན་ཡོངས་སུ་རང་མོས་ངང་འཁོར་རྒྱུག་ཐུབ་པར་བྱས་ནས་སྐྱོན་སྤངས་དགེ་སྒྲུབ་བྱེད་རྒྱུ་དེ་རེད། ང་ཚོས་ཡུལ་བབ་དང་བསྟུན་ནས་རི་ཁུལ་ཧའེ་ཏའོ་རྫོང་ལ་“རྫོང་གཅིག་ཐབས་གཅིག་”གཏན་འཁེལ་བྱས་པ་དང་། “རྫོང་རེར་ཐོན་ལས་རེ”འཕེལ་རྒྱས་བཏང་སྟེ། མཚོ་རྒྱུད་ས་ཁུལ་དང་རི་ཁུལ་ཧའེ་ཏའོ་རྫོང་གིས“འཕེལ་རྒྱས་ཀྱི་ས་གྲོལ”མཉམ་སྐྲུན་བྱེད་པར་སྐུལ་འདེད་བཏང་བ་དང་། ཐོན་ལས་ཀྱི་ལས་སྟེགས་དང་ཚན་རྩལ་གསར་གཏོད་ཀྱི་ཐོན་ཁུངས་མཉམ་སྤྱོད་བྱས་པ་ཡིན།
རི་ཁུལ་དང་མཚོ་རྒྱུད་ས་ཁུལ་གྱི་མཉམ་ལས་རིམ་སྤར་བྱེད་པའི་ཐད་ནས་ཀྲེ་ཅང་གིས་ཆ་སྒྲིག་རྐྱེན་སྲོལ་ལེགས་སྒྱུར་བྱས་ནས། སྔོན་ཆད་ཀྱི་གཅིག་ཁ་གཅིག་གཏད་ནས་གསུམ་ཁ་གཅིག་གཏད་དུ་བསྒྱུར་བ་དང་། ཞིང་ཆེན་ཐད་གཏོགས་སྡེ་ཁག་དང་། དཔལ་འབྱོར་སྟོབས་ཆེ་རྫོང་། རྒྱལ་དབང་ཁེ་ལས་སོགས་ཁ་སྣོན་བྱས་ལ། དགོས་མཁོ་ཕྱོགས་སྟོན་དུ་བྱས་ཏེ་ཅུང་རྗེས་ལུས་ཡིན་པའི་རྫོང་བར་ཕྱོགས་ཡོངས་ཆ་སྒྲིག་རོགས་སྐྱོར་མཉམ་ལས་བྱས་ཤིང་། ཆུས་ཀྲོའུ་གྲོང་ཁྱེར་ཁེ་ཁྲེང་ཆུས་ནི་དེའི་ནང་གི་གཅིག་ཡིན།
ཀྲེ་ཅང་ཞིང་ཆེན་ཆུས་ཀྲོའུ་གྲོང་ཁྱེར་ཁེ་ཁྲེང་ཆུས་ཀྱི་ཆུས་ཀྲང་གཞོན་པ་ཀྲེང་ཧང་གིས་བཤད་རྒྱུར། ང་ཚོས་ཁ་ཚ་དགོས་གཏུག་གིས་ཐག་གཅོད་དགོས་པ་ནི་སྲོལ་རྒྱུན་ཐོན་ལས་ཚུལ་སྒྱུར་བྱེད་རྒྱུ་དེ་ཡིན། ཞིང་ཆེན་དཔལ་འབྱོར་དང་ཆ་འཕྲིན་ཅན་ཐིང་སོགས་སྡེ་ཁག་གིས་ང་ཚོར་རོགས་བྱས་ནས་ཐོན་ལས་སྤུས་འདེགས་ནུས་འཕར་བྱེད་པར་སྐུལ་འདེད་བཏང་། ཧང་ཀྲོའུ་ཡི་ཡུས་ཧང་དང་ལིན་ཕིང་མཉམ་འབྲེལ་སྒོས་ཁུལ་ཁོངས་དཔལ་འབྱོར་མཉམ་ལས་བྱས་ནས་ཚན་རིག་གསར་གཏོད་ཀྱི་གཞི་རྟེན་ནུས་རིམ་མཐོ་རུ་བཏང་། མཐོ་སློབ་ཀྱིས་ཀྱང་ང་ཚོ་དང་མཉམ་དུ་གསར་གཏོད་ཚོད་ལྟ་ཁང་བསྐྲུན་ནས་ཞིབ་འཇུག་གསར་སྤེལ་གྱི་ནུས་པ་ཆེ་རུ་བཏང་ཡོད། རོགས་སྐྱོར་བྱེད་ཐབས་འདི་དག་གིས་གནད་དོན་ཐག་བཅད་པ་མ་ཟད། ད་དུང་གསོན་ཤུགས་ཀྱང་བསྣན་ཡོད།
རྫོང་ཁོངས་བར་དང་ཁུལ་ཁོངས་བར། སྡེ་ཁག་བར་གྱི་མཉམ་ལས་རྐྱེན་སྲོལ་འཚོལ་ཞིབ་བྱས་འོག ཁི་ཁྲེང་གིས་འོད་གློག་(འདྲེན་ཕྱེད་གཟུགས་)དང་རྒྱུ་ཆ་གསར་པ་སོགས་ཀྱི་ཐོན་ལས་འཕེལ་རྒྱས་སུ་བཏང་ནས། ཅུང་རྗེས་ལུས་ཡིན་པའི་རྫོང་གི་མིང་ཐོའི་ཁྲོད་ནས་ཕྱིར་བུད་པ་མ་ཟད། ཀྲེ་ཅང་ཞིང་ཆེན་གྱི་བཟོ་ལས་རྫོང་ཆེན་གྱི་ཁྲོད་དུ་ཡང་ཚུད་ཡོད། ལོ་ལྔའི་རིང་། ཅུང་རྗེས་ལུས་ཡིན་པའི་རི་ཁུལ་ཧའེ་ཏའོ་རྫོང་གི་ས་ཁུལ་གྱི་ཐོན་སྐྱེད་སྤྱིའི་རིན་གྲངས་ཀྱི་ལོ་རེའི་ཆ་སྙོམས་ཀྱི་འཕར་ཚད་དེ་ཞིང་ཆེན་ཡོངས་ཀྱི་ཆ་སྙོམས་ཀྱི་ཆུ་ཚད་ལས་མཐོ་བ་དང་། རི་ཁུལ་དང་མཚོ་རྒྱུད་ས་ཁུལ་གྱི་མཉམ་ལས་ཀྱིས་ས་ཁུལ་བར་གྱི་བར་ཁྱད་ཇེ་ཆུང་དུ་བཏང་བའི་ཞོར་དུ། ཀྲེ་ཅང་གིས་“ཁྲི་སྟོང་བཟོ་སྐྲུན”རྒྱུན་མཐུད་དུ་ཟབ་སྤེལ་བྱས་ཏེ། གྲོང་གསེབ་འཕེལ་རྒྱས་ཀྱི་ནང་སྐྱེས་སྒུལ་ཤུགས་ཆེར་བསྐྱེད། ལི་ཧྲུའེ་གྲོང་ཁྱེར་ཅིན་ཡུན་རྫོང་གི་“སྲེག་ལེབ་གཞུང་སྒྲུབ་ཁང་”གི་ས་བཀྲའི་ཐོག་གི་གཟེར་རེ་ཝས་ཁྲོམ་ར་རེ་མཚོན་ཐུབ་ལ། སྲེག་ལེབ་དེ་གོ་ལ་ཧྲིལ་པོའི་རྒྱལ་ཁབ་དང་ས་ཁུལ16ལ་ཕྱིར་ཚོང་བྱས་ནས། ཅིན་ཡུན་གྱིས་གྲོང་གསེབ་ཡོངས་ཀྱི་ཚོགས་སྒྲིག་འཕེལ་རྒྱས་ཀྱི་བགྲོད་ལམ་ཞིག་བཏོད།
ཀྲེ་ཅང་ཞིང་ཆེན་ལི་ཧྲུའེ་གྲོང་ཁྱེར་ཅིན་ཡོན་རྫོང་ཞིང་ལས་ཞིང་སྡེ་ཅུས་ཀྱི་ཅིན་ཡོན་བསྲེགས་ལེབ་ཟོང་རྟགས་ཞབས་ཞུ་ལྟེ་གནས་ཀྱི་ཀྲུའུ་རེན་ཀྲའོ་ཅ་མུན་གྱིས་བཤད་རྒྱུར། ང་ཚོས་བསྲེགས་ལེབ་གཅིག་ཐོན་ལས་མང་པོ་རུ་བཀར་ཡོད། ལུའུ་ཐང་སྡེ་བས་སྔོ་ཚལ་འདེབས་འཛུགས་དང་ལས་སྣོན་གྱི་འགན་འཁུར་ཡོད་ལ། ཁུན་ཧོང་སྡེ་བས་གྲོ་འདེབས་པའི་འགན་ཁུར་བ་དང་། ཡོན་ཀུའུ་སྡེ་བས་ཐབ་བསྲེགས་ལས་སྣོན་འགན་འཁུར་ཡོད། པེ་ཧྲན་སྡེ་བའི་བསྲེགས་ལེབ་ཀྱི་ཐབ་བསྲེགས་ལག་རྩལ་ཅུང་མཐོ་བས། ཚང་མས་དགེ་མཚན་གསབ་རེས་བྱས་ཏེ་ཚོགས་སྒྲིག་འཕེལ་རྒྱས་གཏོང་བཞིན་ཡོད།
ཁུལ་ཁོངས་ཀྱིས་ཚོགས་པ་སྒྲིག་འཛུགས་བྱས་ཏེ“བཟོ་སྐྲུན་ཁྲི་སྟོང”མང་པོ་གཞུང་ཕྱོགས་སུ་གཏིང་ཟབ་ཏུ་སྤེལ་ཏེ། སྔོན་གྱི་སྡེ་བ་ཁོ་ནའི་འཕེལ་རྒྱས་ཀྱི་སྟོབས་ཤུགས་ཞན་པའི་བཀག་རྒྱ་ལས་བརྒལ་ནས་ཆེད་ལས་ལས་བགོས་ལ་བརྟེན་ནས་ཞིང་སྡེའི་ཐོན་ལས་དང་པོ་དང་། གཉིས་པ། གསུམ་པ་བཅས་མཉམ་འདྲེས་གཏིང་ཟབ་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་། ཅིན་ཡོན་བསྲེགས་ལེབ་ཀྱི་ཐོན་ལས་མུ་ཕྲེང་ནང་བཞིན། ཡུལ་ཚོ་དང་གྲོང་རྡལ། སྲང་ལམ18དང་སྡེ་བ200ལྷག་སྦྲེལ་མཐུད་བྱས་ནས་ཞིང་པ་ཁྲི་ལྔ་ལྷག་འབབ་འཕར་ཕྱུག་འགྱུར་ཡོང་བར་སྐུལ་ཁྲིད་བྱས།
ཀྲེ་ཅང་ཞིང་ཆེན་ལི་ཧྲུའེ་གྲོང་ཁྱེར་ཅིན་ཡོན་རྫོང་ཤར་ཕྱོགས་གྲོང་རྡལ་ཞིན་ཧྲེན་ཏུའུ་སྡེ་བའི་སྡེ་མི་ཝང་ལི་ཧྥེན་གྱིས་བཤད་རྒྱུར། ན་གཞོན་མང་པོ་ཞིག་གྲོང་ཁྱེར་ནས་ཕྱིར་ལོག་སྟེ། དམངས་ཤག་གཉེར་བ་དང་ཞིབ་འཇུག་སློབ་སྦྱོང་སོགས་བྱས་པས། བསྲེགས་ལེབ་དེ་ཡུལ་སྐོར་བའི་ཉམས་ལེན་བྱ་ཡུལ་གྱི་རྣམ་གྲངས་སུ་གྱུར་ཡོད། ང་ཚོས་ཀྱང་ཉེ་འགྲམ་ནས་ལས་ཞུགས་བྱས་ཆོག་པས། ཧ་ཅང་བཟང་ཀི
མིག་སྔར། ཀྲེ་ཅང་གི་ས་ཁུལ850ལྷག་གིས་ཚོགས་པ་སྒྲིག་ནས་འཕེལ་རྒྱས་བཏང་བ་དེ་སྡེ་བ་སྟོང་ལྔ་དང་སུམ་བརྒྱ་ལྷག་ལ་ཁྱབ་ཡོད། གྲོང་གསེབ་ཐོན་ལས་ཀྱི“ སྤྲི་གོར”དེ་ཇི་ལྟར་བསྒྲུབས་ན་དེ་ལྟར་ཇེ་ཆེར་སོང་། ད་ལོའི་ལོ་སྟོད་དུ། “ཡུལ་ཐོན་ཁྱད་ལྡན་འཛོམས་པོའི”ཐོན་ལས་མུ་ཕྲེང་ཧྲིལ་པོས་མི་ས་ཡ་དྲུག་དང་འབུམ་ལྔ་ཁྲི་གཅིག་ལས་ཞུགས་བྱེད་པར་སྐུལ་ཁྲིད་བྱས་ཏེ་ཞིང་པའི་ཡོང་འབབ་སྒོར་ཐེར་ཆེན་གཉིས་ཐེར་འབུམ་བདུན་ཡོང་རྒྱུར་སྐུལ་འདེད་བཏང་།
ཀྲེ་ཅང་ཞིང་ཆེན་གྱི་ཞིང་ལས་ཞིང་སྡེ་ཐིང་གི་ཐིང་ཀྲང་ལི་ཡུན་པིན་གྱིས་བཤད་རྒྱུར། ང་ཚོས“བརྒྱད་བརྒྱད་འཐབ་ཇུས”ལག་ལེན་གཏིང་ཟབ་བྱས་ནས“དམངས་ཕྱུག”ལ་དམིགས་ཏེ། “གྲོང་ཁྱེར་སྟོབས་ལྡན”དང“གྲོང་གསེབ་དར་རྒྱས།”“མཉམ་འདྲེས”བཅས་ཀྱི་ཡིག་ཆ་ཁག་གསུམ་གཏིང་ཟབ་དང་དཔྱིས་ཕྱིན་པར་བྱས་ཡོད། རྫོང་མཁར་གྱི་སྐུལ་ཁྲིད་ནུས་པ་སྔར་ལས་ཇེ་མཐོར་གཏོང་བ་དང་། “ཡུལ་ཐོན་ཁྱད་ལྡན་འཛོམས་པོ་མཉམ་འབྲེལ”བྱེད་པ་མི་རབས་མང་པོར་ལག་བསྟར་བྱས་ཏེ། གྲོང་ཁྱེར་དང་གྲོང་རྡལ་གྱི་རྨང་གཞིའི་སྒྲིག་བཀོད་ཞིང་སྡེ་རུ་ཁྱབ་པར་སྐུལ་འདེད་བཏང་།
ཐུན་མོང་ཕྱུག་འགྱུར་གྱི་དཔེ་སྟོན་ཁུལ་འཛུགས་སྐྲུན་བྱས་པའི་ལོ་ལྔའི་རིང་། ཀྲེ་ཅང་གིས“འབབ་འབྲིང་རྒྱ་སྐྱེད་དང་འབབ་དམའ་ཇེ་མཐོར་གཏོང་བའི”བཅོས་སྒྱུར་ལག་བསྟར་བྱས་ཏེ། “བར་ཁྱད་ཆེན་པོ་གསུམ”རྒྱུན་མཐུད་ངང་ཇེ་ཆུང་དུ་བཏང་། ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྡོད་དམངས་ཀྱི་ཡོང་འབབ་ཀྱི་ལྡབ་ཁྱད1.96ནས1.81བར་ཇེ་ཆུང་དུ་ཕྱིན་ལ། ལོ་ངོ13རིང་བསྟུད་མར་ཇེ་ཉུང་དུ་འགྲོ་བའི་རྣམ་པ་རྒྱུན་བསྐྱངས་ཏེ། དཔལ་འབྱོར་ཞིང་ཆེན་ཆེན་པོའི་ཁྲོད་ཀྱི་ཆེས་དམའ་བ་རུ་གྱུར། ད་ལོའི་ལོ་སྟོད་དུ། ཞིང་ཆེན་ཡོངས་ཀྱི་ཞིང་སྡེའི་སྡོད་དམངས་ཀྱི་མི་རེའི་ཆ་སྙོམས་ཀྱི་བཀོལ་ཆོག་པའི་ཡོང་འབབ་སྒོར་ཁྲི་གཉིས་དང་སྟོང་བདུན་ལྔ་བརྒྱ་ང་ལྔར་སླེབས་པ་དང་། དེ་ནི་ཕལ་ཆེར་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ཀྱི་ལྡབ2.2ཡིན་ལ། ན་ནིང་གི་དུས་མཉམ་ལས6.0%འཕར།
ཉེ་སྔོན། ཀྲེ་ཅང་གིས“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཐུན་མོང་ཕྱུག་འགྱུར་གྱི་དཔེ་སྟོན་ཁུལ་འཛུགས་པའི་འཆར་འགོད་ཁྱབ་བསྒྲགས་བྱས་པ་དང་། 2030ལོར་སླེབས་དུས། གྲོང་ཁྱེར་དང་གྲོང་གསེབ་བར་གྱི་བར་ཁྱད་དེ་དཔལ་འབྱོར་འཕེལ་རྒྱས་ཀྱི་ཆུ་ཚད་དང་འཚམ་པར་བྱ་རྒྱུ་ཡིན་ལ། རི་ཁུལ་གྱི་ཧའེ་ཏའོ་རྫོང་གི་ནང་གནས་འཕེལ་རྒྱས་ཀྱི་སྒུལ་ཤུགས་སྔར་ལས་ཆེ་རུ་བཏང་སྟེ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྡོད་དམངས་ཀྱི་ཡོང་འབབ་ལྡབ་ཁྱད་མུ་མཐུད་ནས1.77བར་ཇེ་ཉུང་དུ་གཏང་རྒྱུ་རེད།
ཀྲེ་ཅང་ཞིང་ཆེན་འཕེལ་རྒྱས་དང་སྒྱུར་བཅོས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཁོངས་མི་ཧོང་ཧུང་ཧུང་གིས་བཤད་རྒྱུར། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་ཡིད་ལ་བརྟན་པོར་བཅངས་ནས་ཐུན་མོང་ཕྱུག་འགྱུར་སྔོན་ལ་ལག་བསྟར་དང་ཚོད་ལྟ་བྱ་རྒྱུར་སྐུལ་འདེད་གཏོང་དགོས་པ་དང་། གསར་གཏོད་ལ་བརྟེན་ནས་སྐུལ་འདེད་གཏོང་བ་དང་ཐོན་ལས་རིམ་སྤོར་ལ་བརྟེན་ནས“སྤྲི་གོར”ལེགས་པོ་བཟོ་བ། ཐུན་མོང་ཕྱུག་འགྱུར་གྱི་དངོས་པོའི་རྨང་གཞི་རྒྱུན་ཆད་མེད་པར་ཇེ་བརྟན་དུ་གཏོང་བ་དང་བསྟུན་ནས། འཕེལ་རྒྱས་ཀྱི་གྲུབ་འབྲས་ཀྱིས་མི་སྔར་ལས་མང་པོར་ཕན་ཐོགས་པར་བྱས་ཏེ། 2030ལོར་སླེབས་སྐབས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཐུན་མོང་ཕྱུག་འགྱུར་གྱི་དཔེ་སྟོན་ཁུལ་བསྐྲུན་རྒྱུར་ཐག་གཅོད་རང་བཞིན་གྱི་འཕེལ་རྒྱས་ཡོང་བར་བྱས་ནས། སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་ཡོང་བའི་རྣམ་པ་བཟང་པོ་སྔོན་ལ་མངོན་པར་བྱ་དགོས།